༢༠༡༧ ཟླ་ ༡༢ ཚེས ༢༦ རེས་གཟའ་མིག་དམར།
༄༅། །འདི་གར་ཆོས་རིག་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་དང་རྒྱུད་སྨད་གངས་ཅན་རིག་གནས་སློབ་གྲྭ་ཟུང་འབྲེལ་གྱིས་གོ་སྒྲིག་འོག་ཕྱི་ལོ་ ༢༠༡༧ ཟླ་ ༧ ནས་ཟླ་ ༡༢ ཚེས་ ༢༥ བར་ཟླ་དྲུག་རིང་བོད་གངས་ཅན་པའི་གཅེས་ནོར་ཆོས་དང་རིག་གཞུང་མི་ཉམས་རྒྱུན་འཛིན་དང་ཉམས་པ་སླར་གསོའི་ཆེད། བོད་རིགས་གཞོན་སྐྱེས་མཐོ་སློབ་ཐོན་པ་ཁག་ཅིག་ལ་བོད་ཀྱི་སྐད་ཡིག་དང་ནང་དོན་རིག་པའི་ཟླ་དྲུག་ཟབ་སྦྱོང་ཐེངས་བཞི་པ་ཞིག་གོ་སྒྲིག་ཞུས་ཡོད།
ཟབ་སྦྱོང་གི་མཇུག་བསྡོམས་མཛད་སྒོར་སྐུ་མགྲོན་གཙོ་བོར་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་གི་མཁན་རིན་པོ་ཆེ་དགེ་བཤེས་དབང་འདུས་མཆོག་དང། ཕྱོགས་བཞུགས་བོད་མི་མང་སྤྱི་འཐུས་མི་འགྱུར་རྡོ་རྗེ་མཆོག རྡ་ས་ནས་ཆེད་ཕེབས་ཆོས་རིག་ལས་ཁུངས་ཀྱི་སྐུ་ཚབ་དང་འབྲེལ་ཡོད་ལས་བྱེད་བསྟན་འཛིན་ཟླ་སྒྲོན་ལགས། ས་གནས་འཐུས་ཚོགས་ཀྱི་ཚོགས་གཙོ་སྐྱིད་པ་ལགས། དེ་བཞིན་ས་གནས་ལས་དྲུང་ཚེ་རིང་སྒྲོལ་དཀར་ལགས་དང་། གངས་ཅན་རིག་གནས་སློབ་གྲྭའི་དགེ་ལས་སློབ་ཕྲུག་བཅས་འཛོམས་ཏེ།
ཐོག་མར་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་ཕུལ་རྗེས་དགེ་ཆེ་ཡོན་ཏན་ལགས་ནས་མཛད་སྒོའི་ངོ་སྤྲོད་དང་ཟླ་དྲུག་ཟབ་སྦྱོང་ཀྱི་ལས་བསྡོམས་སྙན་སྒྲོན་གནང་། ལས་བསྡོམས་ནང་གསལ་ཟླ་དྲུག་ཟབ་ཁྲིད་དེ་བོད་ཀྱི་སྐད་ཡིག་སུམ་རྟགས་དག་གསུམ་དང། རིགས་ལམ། ཆོས་འབྱུང་དང་གྲུབ་མཐའ། ནང་པའི་ལྟ་གྲུབ་ཀུན་བཏུས་ནས་བཏུས་པའི་རིགས་ལམ་ (ཚད་མ་) དང། ཕར་ཕྱིན། དབུ་མ་མཛོད་བཅས་ཀྱི་སྙིང་བསྡུས་བསླབ་གཞིར་ཡོད་ཚུལ་དང་། སློབ་ཕྲུག་ཚོའི་ཤེས་སྤྱོད་གཉིས་ཀར་འདོད་བློ་ཁེངས་པ་བྱུང་སྐོར་ཡང་གསལ་ཡོད་པ་རེད།
གོང་ཚེས་ཉིན་མཁན་རིན་པོ་ཆེ་མཆོག་གིས་གངས་ཅན་རིག་གནས་སློབ་གྲྭ་འདི་བཞིན་༸གོང་ས་སྐྱབས་མགོན་ཆེན་པོའི་བཀའ་དགོངས་ལྟར་ཕྱག་བསྟར་གནང་བ་ཞིག་ཡིན་པ་དང་། ད་བར་དོན་གཉེར་ཅན་མང་པོ་ཞིག་བྱུང་ཡོད་པས། མ་འོངས་པར་མུ་མཐུད་༸རྒྱལ་བའི་བཀའ་དགོངས་བཞིན་གལ་ཆེར་གཅེས་འཛིན་བྱེད་དགོས་གལ་སྐོར་དང་། ལྷག་པར་མཁན་རིན་པོ་ཆེ་སྐབས་རེ་༸རྒྱལ་བའི་གཟིམ་ཆུང་མཇལ་བཅར་སྐབས། གངས་ཅན་རིག་གནས་སློབ་གྲྭའི་སྐོར་བཀའ་འདྲི་ཡང་ཡང་ཕེབས་ལུགས་ཀྱང་གསུངས་ཡོད། ཕྱོགས་མཚུངས་བོད་མི་མང་སྤྱི་འཐུས་མི་འགྱུར་རྡོ་རྗེ་མཆོག་གིས་བོད་ཀྱི་སྐད་ཡིག་དང་ནང་དོན་རིག་པའི་གལ་གནད་སྐོར་གསུངས་པ་དང་། མ་འོངས་པར་གོ་སྐབས་བཟང་པོ་འདིར་སློབ་ཕྲུག་ཚོ་ངོས་ནས་ཀྱང་ཤུགས་བསྐྱོན་དགོས་པའི་དགོངས་འཆར་ཟབ་མོ་ཡང་གནང་ཡོད། དེ་བཞིན་ཆོས་རིག་སྐུ་ཚབ་བསྟན་འཛིན་ཟླ་སྒྲོན་ལགས་དང། ས་གནས་ལས་ཁུངས་ཀྱི་སྐུ་ཚབ་ཚེ་རིང་སྒྲོལ་དཀར་ལགས་གཉིས་ཀྱིས་ལས་འཆར་དང་འབྲེལ་བའི་གསུང་བཤད་གནང་ཡོད་པ་བཅས།།