ཕྱི་ལོ་ ༢༠༡༧ ཟླ་ ༡༢ ཚེས་ ༡༥ རེས་གཟའ་པ་སངས།
༄༅། །བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་ཕྱི་ལོ་ ༢༠༡༧ ཟླ་ ༡༢ ཚེས་ ༡༥ ཉིན་གྱི་སྔ་དྲོ་རྡ་ས་ནས་སྦེལ་ཀོབ་ཏུ་ཕེབས་ཐོན་གནང་སྟེ། ཕྱི་ཚེས་ ༡༦ ཉིན་སེར་བྱེས་མཁས་སྙན་གྲྭ་ཚང་ནས་གོ་སྒྲིག་ཞུས་པའི་རྒྱལ་སྤྱིའི་དམ་ཆོས་འདུལ་བའི་བགྲོ་གླེང་ཐེངས་གསུམ་པའི་དབུ་འབྱེད་མཛད་སྒོར་ཆེད་བཅར་གནང་རྒྱུ་ཡིན།
དེ་ཡང་བགྲོ་གླེང་དེ་བཞིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་ལྟར། ཐོག་མར་ཕྱི་ལོ་ ༢༠༡༤ ལོར་སེར་བྱེས་མཁས་སྙན་གྲྭ་ཚང་གི་ཤེས་ཡོན་ལྷན་ཚོགས་ནས་རང་སྡེ་ནང་པ་ཕན་ཚུན་བར་ཐུན་མོང་བའི་བརྗོད་གཞི་འདུལ་བའི་ཐོག་ནས་གོ་རྟོགས་གོང་འཕེལ་དང་། སྔར་ལྷག་གི་ཐུགས་མཐུན་ཁྲིམས་གཙང་ཡོང་སླད་དུ་གོ་སྒྲིག་ཞུས་པ་ཞིག་ཡིན།
ཐེངས་དེའི་བགྲོ་གླེང་དེ་ཕྱི་ཟླ་ ༡༢ ཚེས་ ༡༦།༡༧།༡༩ བཅས་ཉིན་གསུམ་རིང་ཚོགས་རྒྱུ་ཡིན་པ་དང་། བགྲོ་གླེང་གི་བརྗོད་གཞི་ནི། རབ་བྱུང་གི་གཞི་དང་། ཕམ་པ་བཞི། མ་ངེས་པ་གཉིས་བཅས་ཡིན་པ་དང་དེའི་ནང་མཉམ་ཞུགས་གནང་མཁན་རྒྱ་གར་དང་། ཤིར་ལངྐ། ཝེཊ་ནམ། ཐ་ཡེ་ལེནཌ། བྷང་ལ་དེཤི། ཐེ་ཝན་བཅས་ཀྱི་ནང་པའི་མི་རིགས་རྣམས་ཡོད་པ་བཅས།།