༢༠༡༧ ཟླ་ ༡༢ ཚེས་ ༡༥ རེས་གཟའ་པ་སངས།
༄༅། །རྒྱལ་ས་ལྡི་ལིར་སོན་དི་རྗེས་དྲན་ཐེངས་གསུམ་པའི་མཛད་སྒོའི་གཏམ་བཤད་ 3rd Professor ML Sondhi Memorial Lecture སྤེལ་སྐབས་དཔལ་ལྡན་སྲིད་སྐྱོང་མཆོག་གིས། བོད་ནི་པེ་ཅིང་སྲིད་གཞུང་རྒྱུས་ལོན་བྱ་རྒྱུའི་སྡེ་མིག་གཙོ་བོ་ཡིན། ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་འདུག
རྒྱ་དཀར་ནག་གཉིས་གཞུང་འབྲེལ་གྱི་གྲོས་མོལ་སྐབས་བོད་ཀྱི་གནད་དོན་དེ་ངེས་པར་དུ་གཙིགས་ཆེར་འཛིན་དགོས་པ་དང་། བོད་དེ་རྒྱ་ནག་དང་མཚུངས་པར་རྒྱ་གར་གྱི་བདེ་འཇགས་ལའང་གནད་འགག་ཆེན་པོ་ཆགས་ཡོད་སྟབས་དེར་ངོས་འཛིན་ཐུབ་པ་དགོས་སྐོར། རྒྱ་གར་གྱི་ས་མཚམས་སུ་རྒྱ་མིའི་དམག་དཔུང་གིས་དཔུང་འཇུག་སྔར་བས་ཇེ་ཤུགས་ཆེ་རུ་འགྲོ་བཞིན་པའི་དུས་སྐབས་འདིར། རྒྱ་གར་གཞུང་གིས་ངེས་པར་དུ་བོད་དེ་གནད་དོན་ཆེས་གལ་ཆེ་ཞིག་ཏུ་བརྩི་དགོས་པ་སོགས་གསུངས།
སྲིད་སྐྱོང་མཆོག་གིས་དེང་རྒྱལ་སྤྱིའི་སྤྱི་ཚོགས་ནང་རྒྱ་ནག་དེ་བཞིན་དཔལ་འབྱོར་དང་དམག་གི་སྟོབས་ཤུགས་ཇེ་ཆེར་རྒྱས་བཞིན་པའི་སྐབས་འདིར་ང་ཚོར་གདམ་ག་གཉིས་ལས་མེད་སྐོར་གསུང་དོན།
“ཡང་ན་རྒྱ་ནག་གུང་ཁྲན་རིང་ལུགས་དེ་མང་གཙོ་ལྡན་པའི་ནང་པའི་རྒྱལ་ཁབ་གཅིག་ཏུ་བསྒྱུར་རྒྱུ་དང་། ཡང་ན་རྒྱ་ནག་གིས་ང་ཚོ་གུན་ཁྲན་ལམ་ལུགས་སུ་བསྒྱུར་རྒྱུ་དེ་གཉིས་ཡིན།” ཞེས་གསུངས།
སྤྱིར་སྐུ་གཤེགས་དམ་པ་མཁས་དབང་སོན་དི་མཆོག་སྐུ་འཚོ་བཞུགས་སྐབས་ཁོང་གིས་རྒྱ་དཀར་ནག་གཉིས་ཀྱི་འབྲེལ་ལམ་ཐོག་བོད་དེ་གནད་དོན་གཙོ་བོ་ཆགས་རྒྱུ་ཡིན་སྐོར་སྔོན་ཚུད་ནས་ལུང་བསྟན་གནང་ཟིན་པ་དེ་དང་འབྲེལ་ནས་སྲིད་སྐྱོང་མཆོག་གིས།
“སྐུ་གཤེགས་མཁས་དབང་སོན་དི་མཆོག་གི་དགོངས་པར་བོད་དེ་རྒྱ་དཀར་ནག་གཉིས་དབར་གྱི་བར་གནས་ཀྱི་ས་ཁུལ་ལམ་ཞི་བདེའི་མངའ་ཁུལ་ཞིག་བསྐྲུན་ཐུབ་པ་གནང་རྒྱུ་དང་། དེ་ལྟར་མ་བྱུང་ནའང་མ་མཐར་ཡང་བོད་ནང་རྡུལ་ཕྲན་མཚོན་ཆ་མེད་པ་བཟོ་རྒྱུའི་ཐོག་དགོངས་པ་བཞེས་པ་ཙམ་དུ་མ་ཟད། ལོ་ངོ་བཅུ་ཕྲག་མང་པོའི་རིང་སྐུ་ངལ་ཡང་བསྐྱོན་གནང་ཡོད། འོན་ཀྱང་སུ་གཅིག་གིས་ཁོང་ལ་རྒྱབ་སྐྱོར་གནང་མེད། གལ་སྲིད་རྒྱ་གར་གྱིས་བོད་དེ་བར་གནས་ས་ཁུལ་ཞིག་གམ་ཞི་བའི་བསྟི་གནས་ཤིག་ཏུ་ངོས་འཛིན་གནང་ཐུབ་ཡོད་ཚེ་མ་མཐར་ཡང་ད་ལྟ་རྒྱ་དཀར་ནག་གཉིས་དབར་འཕྲད་བཞིན་པའི་འབྲོག་ལམ་ས་ཁུལ་གྱི་ཛ་དྲག་གནས་སྟངས་དེ་ལྟར་མི་ཡོང་། ཞེས་གསུངས།
དེ་བཞིན་སྲིད་སྐྱོང་མཆོག་གིས་ཉེ་ཆར་རྒྱ་ནག་མི་དམངས་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་ ༡༩ པའི་ཐོག་སྲིད་འཛིན་ཞི་ཅིན་ཕིན་གྱིས་ཆུ་ཚོད་གསུམ་རིང་གཏམ་བཤད་སྤེལ་ནས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བསྐྲུན་རྒྱུའི་ཐོག་ཤུགས་རྒྱག་རྒྱུ་ཡིན་སྐོར་བཤད་པ་དེར་དམིགས་ནས་སྲིད་སྐྱོང་མཆོག་གིས་གསུང་དོན།
“ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བསྐྲུན་རྒྱུ་ཡིན་ཟེར་སྐབས་གུ་ཡངས་ལྡན་པའི་མང་གཙོ་མེད་པ་དང་། གཏམ་བརྗོད་རང་དབང་མེད་པ། ཁྲིམས་སྒྲིག་གི་དབང་སྒྱུར་མེད་པར་ཆབ་སྲིད་ཚོགས་པ་གཅིག་ཁོ་ནས་དབང་སྒྱུར་བྱ་རྒྱུ་དེར་གོ་དགོས།” ཞེས་གསུངས།
ཕྱོགས་མཚུངས་སྲིད་སྐྱོང་མཆོག་གིས་བོད་ཀྱི་ཁོར་ཡུག་དང་འབྲེལ་ནས་གསུང་དོན། བོད་ནི་ཨེ་ཤི་ཡའི་གཙང་པོ་ཆེ་ཤོས་ཀྱི་འབྱུང་ཁུངས་ཡིན། འོན་ཀྱང་རྒྱ་ནག་གཞུང་གིས་བོད་ཀྱི་གཙང་པོ་དེ་དག་ཐོག་ཆུ་རགས་ཚོད་མེད་བརྒྱབ་རྒྱག་བཞིན་པ་མ་ཟད། གཙང་པོ་ཁ་ཕྱོགས་བསྒྱུར་བ་དང་། གཏེར་ཁ་གང་བྱུང་སྔོག་འདོན་བྱས་དང་བྱེད་བཞིན་པ་སོགས་ལ་བརྟེན་ཁྱིམ་མཚེས་རྒྱལ་ཁབ་རྣམས་ལ་དཀའ་ངལ་བཟོ་བཞིན་ཡོད་སྐོར་སོགས་གསུངས།།