ཕྱི་ལོ་ ༢༠༡༧ ཟླ་ ༡༢ ཚེས་ ༢ རེས་གཟའ་སྤེན་པ།
༄༅། །བོད་མིའི་སྒྲིག་འཛུགས་བཀའ་ཤག་གི་བཀའ་འབྲེལ་འོག་ཕྱི་ལོ་ ༢༠༡༧ ཟླ་ ༡༢ ཚེས་ ༢ ཉིན་ཆོས་རིག་ལས་ཁུངས་ནས་གོ་སྒྲིག་ཞུས་པའི་མཆོད་འབུལ་སྨོན་ལམ་དུ་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་གསུང་བཤད་གནང་དོན། རྩ་བའི་རྣམ་རྒྱལ་གྲྭ་ཚང་གི་དགེ་བསྐོས་ཀྱིས་སྐྱབས་ཐོ་སྒྲོགས་སྦྱང་གནང་བ་ལྟར། བློ་ཕམ་པའི་གནས་ཚུལ་ཞིག་ལ་ཕྱི་ལོ་ ༢༠༡༧ ཟླ་ ༡༡ ཚེས་ ༢༦ ཉིན་རང་ལོ་ ༦༣ ཡིན་པ་དགེ་འདུན་པ་བསྟན་དགའ་ལགས་ཀྱིས་རང་ལུས་མེར་སྲེག་བཏང་སྟེ་འདས་གྲོངས་སུ་གྱུར་འདུག ཚང་མས་དམ་པ་ཁོང་གི་ཆེད་ཐུགས་སྨོན་གནང་རོགས་ཞེས་རེ་འདུན་ཞུ་རྒྱུ་ཡིན།
དཀར་མཛེས་རྫོང་མདའ་མདོ་གྲོང་ཚོ་ནས་ཡིན་པའི་རྒན་བསྟན་དགའ་ལགས་ཀྱིས། “བོད་ནང་རང་དབང་དགོས།” ཞེས་སྐད་འབོད་ཀྱིས་རང་ལུས་མེར་སྲེག་བཏང་སྟེ་འདས་གྲོངས་སུ་ཕྱིན་འདུག ད་ལྟའི་ཆར་དཀར་མཛེས་རྫོང་དུ་རྒྱ་གཞུང་དམག་མི་དང་ཉེན་རྟོག་པ་འགྲེམས་འཇོག་གིས་ཁ་པར་དང་དྲ་རྒྱའི་བརྒྱུད་ལམ་སོགས་གང་ཅིའི་ཐད་དམ་བསྒྲགས་ཤུགས་ཆེ་འོག་ཡོད་པའི་གནས་སྟངས་ཆགས་འདུག རྒན་བསྟན་དགའ་ལགས་ཀྱིས་གཙོས་ད་བར་གཞིས་ལུས་བོད་མི་ཁྱོན་མི་གྲངས་ ༡༥༠ ནས་བོད་བསྟན་སྲིད་དང་བོད་མི་རིགས་ཆེད་རང་ལུས་མེར་སྲེག་བཏང་བའི་ཁྲོད་ནས་བོད་མི་གྲངས་ ༡༢༨ འདས་གྲོངས་སུ་གྱུར་འདུག་པའི་ནང་ནས་སྐྱེས་པ་ ༡༢༣ དང་བུད་མེད་ ༢༧ བྱུང་འདུག དེ་དག་ཁྲོད་དགེ་འདུན་པ་དང་བཙུན་མ་མང་དག་ཅིག་ཀྱང་ཡོད་པ་ཚང་མས་མཁྱེན་གསལ་རེད།
ཕྱི་ལོ་ ༢༠༡༧ ལོའི་ནང་རང་ལུས་མེར་སྲེག་བཏང་མཁན་ ༥ བྱུང་འདུག་པ་དེ་དག་ཚང་མ་དཀར་མཛེས་ཁུལ་ནས་རེད་འདུག འདིའི་སྔོན་ལ་དབང་ཕྱུག་ཚེ་བརྟན་ལགས་དང་པདྨ་རྒྱལ་མཚན་ལགས་ཀྱི་སྐོར་དེ་སྔ་ཞུས་ཟིན་པ་ཡིན། རྒན་བསྟན་དགའ་ལགས་ཀྱི་སྐོར་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ Washington Post གྱིས་གཙོས་གསར་འགྱུར་བརྒྱུད་ལམ་ཁག་ནང་གནས་ཚུལ་གང་ཙམ་ཐོན་འདུག ཅེས་ཞུ་རྒྱུ་ཡིན། ཉེ་ཆར་ཁེ་ན་ཌ་ Canada གྲོས་ཚོགས་ཡིན་ནའང་གྲོས་ཚོགས་གོང་མའི་ནང་ཆབ་སྲིད་བཙོན་པ་ལྔའི་མཚན་སྨྲོས་ནས་ཁོང་རྣམ་པ་གར་སོང་ཆ་མེད་དུ་གྱུར་འདུག་ཅེས་གླེང་སློང་གནང་འདུག
ཁེ་ན་ཌའི་ཕྱི་སྲིད་བློན་ཆེན་གྱིས་ཀྱང་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་གར་སོང་ཆ་མེད་དུ་གྱུར་ཡོད་སྟབས། མཉམ་འབྲེལ་རྒྱལ་ཚོགས་དང་འགྲོ་བ་མིའི་ཐོབ་ཐང་ཐོག་འགན་བཞེས་མཁན་རྣམས་བོད་དུ་ཕེབས་ནས་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་མཇལ་འཕྲད་ངེས་པར་དུ་གནང་འཇུག་དགོས་ཞེས་ཁེ་ན་ཌའི་ཕྱི་སྲིད་བློན་ཆེན་གྱིས་གྲོས་ཚོགས་ནང་གསུང་བའི་གནས་ཚུལ་འདུག དེ་བཞིན་མཉམ་འབྲེལ་རྒྱལ་ཚོགས་ནང་དུའང་ཕྱི་ཟླ་ ༢ ནས་ ༨ བར་བོད་ནང་འགྲོ་བ་མིའི་གནས་སྟངས་ཛ་དྲག་འོག་ཐེངས་བཞི་རྟོག་ཞིབ་བྱས་འདུག གཞི་རྩའི་ཁེ་ན་ཌས་གཙོས་མཉམ་འབྲེལ་རྒྱལ་ཚོགས་ནས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར་ཐུགས་སྣང་གནང་གི་འདུག་ཀྱང་རྒྱལ་སྤྱི་སྤྱི་ཡོངས་ལ་འབོད་སྐུལ་ཞུ་རྒྱུར་རང་ལུས་མེར་སྲེག་བཏང་མཁན་ ༡༥༠ བྱུང་བ་དེ་དག་གིས། “སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བོད་ནང་གདན་འདྲེན་ཞུ་དགོས།” ” བོད་མིར་རང་དབང་དགོས་ཀྱི་ཡོད།”ཅེས་པའི་འབོད་སྒྲར་ངེས་པར་ཐུགས་སྣང་གནང་དགོས་པ་ཞིག་དང་། དེའི་ཐོག་རྟོག་ཞིབ་ངེས་པར་གནང་དགོས་རྒྱུ་རྒྱལ་སྤྱིའི་ཐོག་ནས་འགན་འཁུར་བཞེས་དགོས་ཀྱི་འདུག་ཅེས་ནན་པོ་ཞུ་རྒྱུ་ཡིན། ལྷག་པར་རང་ལུས་མེར་སྲེག་གཏོང་གནང་མཁན་ ༡༥༠ བྱུང་ཡོད་ཀྱང་། བོད་མི་དེ་དག་ཁོངས་སུ་གཅིག་གིས་ཀྱང་རྒྱ་ནག་མི་རིགས་དང་རྒྱ་མིའི་ཉེན་རྟོག་ལས་ཁུངས་སོགས་ལ་གནོད་འཚེ་གང་ཡང་བྱེད་མེད། གནས་ཚུལ་དེ་དག་རྒྱལ་སྤྱིའི་ཐོག་ནས་མཁྱེན་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད།
དེ་བཞིན་བོད་མི་བཙན་བྱོལ་བ་རྣམས་ཀྱིས་དམིགས་བསལ་མཁྱེན་དགོས་པ་ཞིག་ལ། བོད་ནང་རང་ལུས་མེར་སྲེག་གཏོང་མཁན་རྣམས་ཀྱི་བོད་བསྟན་པ་ཆབ་སྲིད་སླད་རང་གི་རྩ་ཆེ་བའི་ལུས་སྲོག་ཚུན་ཆད་བློས་བཏང་གནང་ནས། “སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བོད་ནང་གདན་འདྲེན་ཞུ་དགོས། བོད་མིར་རང་དབང་དགོས་ཀྱི་ཡོད།” ཅེས་པའི་འབོད་སྒྲ་འདི་ཉིད་ཧ་ཅང་རྩ་ཆེན་པོ་ཡིན་པ་དང་། བློས་བཏང་ཆེན་པོ་ཡིན་པ་མཁྱེན་དགོས་པ་དང་། མཁྱེན་པའི་ཐོག་ནས་བོད་ནང་གི་བོད་མིའི་མངོན་འདོད་གང་ཡིན་གསལ་པོར་ཤེས་པའི་ཐོག་ནས་མངོན་འདོད་དེ་དག་བསྒྲུབ་ཆེད་ང་ཚོས་རྡོག་རྩ་གཅིག་སྒྲིལ་ཐོག་ནས་བོད་ཀྱི་རྩ་དོན་ཆེད་སྐབས་བབ་འགན་འཁྲིད་གང་ཡོད་པ་དང་། དེ་དག་ལ་ཐུགས་སྣང་དང་འབད་བརྩོན་ཤུགས་ཆེ་གནང་དགོས་རྒྱུ་ཤིན་ཏུ་གལ་ཆེན་པོ་རེད་འདུག ཅེས་ཞུ་རྒྱུ་ཡིན།
ཉེ་ཆར་རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་ལས་ཡུན་གཉིས་པར་བདམས་ཐོན་བྱུང་བ་རེད། ཁོང་གི་ཕྱག་རོགས་དྲུག་བདམས་ཡོད། ལས་ཡུན་གཉིས་པ་ཕྱི་ལོ་ ༢༠༡༨ ཕྱི་ཟླ་ ༣ ནས་འགོ་འཛུགས་གནང་རྒྱུ་དང་། རྒྱ་ནག་འགོ་ཁྲིད་ཚོ་ཡིན་ནའང་བོད་མི་རང་ལུས་མེར་སྲེག་གཏོང་མཁན་ ༡༥༠ གཙོས་བོད་ནང་གི་ཁོར་ཡུག་དང་འགྲོ་བ་མིའི་ཐོབ་ཐང་། བོད་བསྟན་པ་ཆབ་སྲིད་སླད་སྐུ་ལས་སྐྱོན་མཁན་མང་པོ་ཡོད་པ་དེ་དག་གི་དཀའ་ངལ་ངོས་འཛིན་པའི་ཐོག་ནས་ད་ལྟའི་རྒྱ་ནག་གཞུང་གི་མཁྲེགས་འཛིན་ཅན་གྱི་སྲིད་བྱུས་འདི་ཉིད་བོད་མིའི་ཐོག་ལམ་ལྷོངས་འགྲོ་གི་མེད་པ། བོད་ནང་ཡིན་ནའང་བོད་མིར་གདུག་རྩུབ་ཇི་ཅམ་བཏང་ཡང་སྙིང་སྟོབས་ནམ་ཡང་མ་ཞུམ་པར་རྩ་དོན་ཆེད་མུ་མཐུད་འཐབ་རྩོལ་བྱ་རྒྱུ་ཡིན་པ་ནི་ད་བར་མི་ལོ་ ༦༠ ཙམ་རིང་རྒྱ་ནག་གཞུང་གིས་བོད་མིར་དྲག་གནོན་ཇི་ཙམ་བྱས་ཀྱང་གཞིས་བྱེས་བོད་མི་དབྱེ་བ་མེད་པར་བོད་མིའི་ངོ་བོ་དེ་ནམ་ཡང་མ་བརྗེད་པར་༸གོང་ས་མཆོག་གིས་དགོངས་བཞེད་ལྟར་དབུ་མའི་ལམ་གྱི་སྲིད་བྱུས་གཞིར་བཞག་པའི་ཐོག་ནས་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་གི་གནས་བབ་རྩོད་བཞིན་ཡོད་པ་དེ་རྒྱ་ནག་གཞུང་གི་འགོ་ཁྲིད་ཚོས་མཁྱེན་དགོས། མཁྱེན་པའི་ཐོག་ནས་ལག་བསྟར་དགོས་རྒྱུ་ཤིན་ཏུ་གལ་ཆེན་པོ་རེད། དེར་བརྟེན་ངས་དེ་རིང་གོ་སྐབས་འདི་བརྒྱུད་རྒྱ་ནག་གཞུང་གི་འགོ་ཁྲིད་ཚོ་ལ་ཡིན་ནའང་རེ་འདུན་ཞུ་རྒྱུ་ཡིན།
མཐའ་དོན་ང་ཚོ་དེ་རིང་འདིར་འཛོམས་དགོས་དོན་གཙོ་བོ་ནི། རྒན་བསྟན་དགའ་ལགས་ཀྱིས་རང་ལུས་མེར་སྲེག་བཏང་སྟེ་འདས་གྲོངས་སུ་གྱུར་བར་ཚང་མས་ཐུགས་སྨོན་གནང་རོགས་ཞེས་ཞུ་རྒྱུ་ཡིན། དམ་པ་ཁོང་གི་སྤུན་མཆེད་དང་གཉེན་ཉེ་སོགས་ཀྱི་ཆེད་ཐུགས་སྨོན་གནང་རོགས་གནང་། ད་བར་གཞིས་ལུས་བོད་མི་ཁྱོན་མི་གྲངས་ ༡༥༠ གཙོས་པའི་རྒྱའི་བཙོན་འོག་ཏུ་ད་ལྟ་ཡིན་ནའང་དཀའ་སྡུག་མྱངས་དང་མྱོང་བཞིན་པའི་རྒྱས་གཅེས་པ་མང་པོ་ཞིག་གི་མངོན་འདོད་བསྒྲུབ་སླད་ང་ཚོ་ཚང་མས་སྐུ་ལས་སྐྱོན་དགོས་རྒྱུ་གལ་ཆེན་པོ་རེད། དེར་བརྟེན་ཚང་མས་འབད་བརྩོན་གནང་རོགས་ཞེས་ཞུ་རྒྱུ་ཡིན། ཐུགས་རྗེ་ཆེ། །