༢༠༡༧ ཟླ་ ༡༢ ཚེས་ ༣༠ རེས་གཟའ་སྤེན་པ།
༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༡༢ ཚེས་ ༣༠ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ ཐོག་ཝཱ་ཎ་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་རྩེད་ཐང་དུ་སེམས་དང་སེམས་ཀྱི་བྱེད་ལས་སྐོར་རྒྱལ་སྤྱིའི་བགྲོ་གླེང་ཉིན་དང་པོའི་སྔ་དྲོའི་ཚོགས་ཐུན་དང་པོ་ཡོངས་སུ་ལེགས་གྲུབ་རྗེས། ༸སྐུའི་གསུང་སྒྱུར་གླང་རི་བ་དགེ་བཤེས་ཐུབ་བསྟན་སྦྱིན་པ་ལགས་ཀྱིས་རྒྱལ་སྤྱིའི་བགྲོ་གླེང་ལྷན་ཚོགས་སྐོར་ངོ་སྤྲོད་གནང་དོན།
ཚོགས་འདུ་འདི་སེམས་དང་རྣམ་ཤེས་འདོད་ཚུལ་སྐོར་ལ་རྒྱ་གར་གྱི་ལྟ་གྲུབ་སྨྲ་བ་དང་དེང་རབས་ཚན་རིག་དབར་བགྲོ་གླེང་། ཞེས་པའི་བརྗོད་གཞི་འདི་འཇོག་དགོས་པ་ནི་རྐང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འདས་པའི་ལོ་ངོ་ ༣༠ ལྷག་རིང་ནུབ་ཕྱོགས་པའི་ཚན་རིག་པ་དང་ལྷན་བགྲོ་གླེང་ཧ་ཅང་ཤུགས་ཆེ་མཛད་ནས་ནུབ་ཕྱོགས་པའི་ཀླད་རྩའི་ཚན་རིག་དང་སེམས་ཁམས་རིག་པ་དེ་ཚོའི་ཐོག་ལ་ནང་པ་དང་ཚན་རིག་པའི་དབར་བགྲོ་གླེང་གནང་བའི་ཉེར་ལེན་ལ་བརྟེན་ནས་ཤུགས་སྣོན་ཧ་ཅང་ཐེབས་ཡོད།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སེམས་ཀྱི་རྣམ་གཞག་དང་ཤེས་པའི་འགྲོ་སྟངས། མྱོང་ཚོར་དེ་ཚོའི་ཐོག་ལ་བསླེབ་སྐབས་དང་ལྷག་པར་དེ་ཚོ་གཞི་རྩར་བཞག་སྟེ་བློ་སྦྱོང་སྟངས་སྐོར་ལ་བསླེབ་སྐབས་སྔོན་གྱི་རྒྱ་གར་གྱི་ལྟ་གྲུབ་དེ་དག་ཧ་ཅང་ཕྱུག་པོ་ཡོད་པ་དང་། དེར་བརྟེན་ནུབ་ཕྱོགས་པའི་ཚན་རིག་ནང་དུ་སེམས་ཁམས་རིག་པ་ཡོད་ཀྱང་སེམས་ཁམས་རིག་པ་དེ་རྒན་གཞོན་གོ་རིམ་ཐོག་ནས་བརྗོད་ན་བྱིས་པའི་གནས་སྟངས་ཐོག་གནས་ཡོད་སྐོར་དང་།
ཕྱོགས་མཚུངས་ནུབ་ཕྱོགས་པར་ཀླད་རྩའི་ཚན་རིག་ཡོད་ཀྱང་ཀླད་རྩའི་ཚན་རིག་དེ་ཀླད་པ་རྐྱང་རྐྱང་ལ་བལྟས་ནས་གཟུགས་ཅན་གྱི་ཆོས་ལ་བརྟག་དཔྱད་བྱས་པའི་དཔྱད་པའི་སྒོ་ཞིག་མ་གཏོགས་ཤེས་པ་རང་གི་ཉམས་མྱོང་ཐོག་ནས་འགྲེལ་བཤད་རྒྱག་ཡག་མེད། དེར་བརྟེན་ཚན་རིག་པ་ཚོས་རིམ་པས་བློ་སྦྱངས་ནས་སེམས་ལ་འགྱུར་བ་ཐེབས་རྒྱུ་ཡོད་པའི་དན་རྟགས་ལྟ་བུ་རྙེད་སྐབས་སེམས་ཟེར་ན་གང་འདྲ་ཞིག་ལ་བརྗོད་མིན་དང་། ཤེས་པ་ཟེར་ན་གང་འདྲ་ཞིག་ལ་བརྗོད་མིན། མྱོང་ཚོར་ངོ་བོ་གང་འདྲ་ཡིན་མིན་སོགས་ལ་དོ་སྣང་བསླེབ་ཡོང་སྐབས་རྒྱ་གར་ལྟ་གྲུབ་ནང་ཤེས་པའི་སྐོར་རྣམ་གཞག་ཕྱུག་པོ་ཡོད་སྟབས་དེ་ཚོའི་ཐོག་ལ་དོ་སྣང་བྱས་ན་ཕན་ཚུན་གཉིས་ཀར་ལེགས་ཆ་ཡོང་རྒྱུ་ཡོད་པ་༸གོང་ས་མཆོག་གིས་བཀའ་སློབ་སྩོལ་བཞིན་ཡོད།
བཀའ་སློབ་དེ་གཞི་རྩར་བཞག་ནས་རིགས་བདག་གིས་མཐོ་སློབ་ཀྱི་ལྔ་བཅུའི་དུས་དྲན་སྲུང་བརྩི་གནང་བ་དང་སྦྲགས་བགྲོ་གླེང་གོ་སྒྲིག་གནང་བ་ཞིག་རེད། ད་རང་ཞོགས་པ་ལྟ་བུར་མཚོན་ན་གསུང་བཤད་གནང་མཁན་དང་པོ་དེ་གྲངས་ཅན་པ་རེད། གྲངས་ཅན་པ་དེ་ལྟ་གྲུབ་ཧ་ཅང་རྙིང་པ་རེད། དེའི་ནང་གསེས་ལ་ཤེས་པའི་བྱེད་ལས་ཐོག་ནས་འགྲེལ་བཤད་རྒྱག་སྐབས་བློ་དང་ཡིད་དང་། ངའོ་སྙམས་པའི་བློའམ་ང་རྒྱལ་དང་རྣམ་ཤེས་ཅེས་བྱེད་ལས་ཐོག་ནས་ཐ་དད་དབྱེ་རྒྱུ་དང་། རིག་པ་ཅན་པ་དང་བྱེ་བྲག་པ་དེ་དག་གིས་ཡིད་དང་བདག་དང་དབང་པོ་ཞེས་དབྱེ་བ་ཕྱེ་ནས་གང་ལྟར་གང་ཟག་དེའི་ཤེས་པས་བུམ་པ་ལྟ་བུ་རྟོགས་པ་ཡིན་ན་བུམ་པ་རྟོགས་པ་བློ་སྐྱེ་ཡག་དེ་བྱུང་བ་གཅིག་ཡིན་ཡང་བྱུང་བ་དེ་ཡོང་རྒྱུའི་རྐྱེན་ལ་གང་དང་གང་ཚང་དགོས་པ། དཔེར་ན་དབང་པོ་དང་ཡུལ་འཕྲད་དགོས་པ་དང་། དབང་པོ་དང་ཡུལ་འཕྲད་པ་ལ་ཡིད་ཀྱི་རྐྱེན་བྱས་ནས་ངས་འདི་མཐོང་བྱུང་སྙམས་པའི་དྲན་པ་སྐྱེ་ཡག་དང་། དྲན་པ་སྐྱེས་པར་བརྟེན་དྲན་པ་སྐྱེ་སའི་བདག་གཅིག་གཞག་དགོས་པ་
སོགས་གཏིང་ཟབ་པོ་ཡོད།
ཕྱོགས་མཚུངས་སང་ཉིན་ནང་པ་སངས་རྒྱས་པའི་ཁོངས་ནས་པཱ་ལིའི་ཆོས་བརྒྱུད་འཛིན་པའི་མངོན་པའི་གཞུང་ནས་སེམས་དང་སེམས་བྱུང་སྐོར་ཡོད། དེའི་ཐོག་ལ་ཕྱོགས་གླང་དང་ཆོས་གྲགས་ཀྱི་ཚད་མ་རིག་པའི་གཞུང་ལུགས་ནས་ངས་གཏམ་བཤད་བྱ་རྒྱུ་ཡིན། ཐེངས་འདིར་ཚན་རིག་ཐོག་ནས་ཀླད་རྩའི་ཚན་རིག་དང་ phenomenology སྐོར་ལ་གཏམ་བཤད་བྱེད་མཁན་བསླེབས་ཡོད། དེར་བརྟེན་ལོ་རྒྱུས་ཐོག་ནས་དམིགས་བསལ་བ་ཞིག་ཆགས་ཡོད། ཆེད་དུ་གཉེར་ནས་སེམས་དང་ཤེས་པའི་ཐོག་ལ་ནུབ་ཕྱོགས་ཚན་རིག་དང་རྒྱ་གར་གྱི་ལྟ་གྲུབ་རིག་པ་གཉིས་ཟུང་འབྲེལ་ཐོག་ནས་ཡིན་པ་མ་ཟད། ནང་པ་གཅིག་པུ་མིན་པར་ཕྱི་རོལ་པའི་ལྟ་གྲུབ་ཆ་ཚང་འདིར་ཚུད་པ་བྱས་ཡོད། ནང་པར་མཚོན་ནའང་ལེགས་སྦྱར་དང་པཱ་ལིའི་ཆོས་བརྒྱུད་འཛིན་པ་གཉིས་ཀར་ཚུད་ཡོད།
དེར་བརྟེན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་ལའང་ཧ་ཅང་བབ་པོ་ཞིག་ཡོང་རྒྱུ་རེད་བསམ་པ་དྲན་བཞིན་འདུག ཅེས་གསུངས།།