༢༠༡༧ ཟླ་ ༡༢ ཚེས་ ༢༧ རེས་གཟའ་ལྷག་པ།
རྩོམ་པ་པོ། གྲན་ཕོ་ཁུང་ Chen Pokong
རྒྱ་ཡིག་ནས་བོད་ཡིག་ཏུ་སྒྱུར་མཁན། བྱང་ཨ་རི་སྐུ་ཚབ་དོན་གཅོད་ཁང་གི་རྒྱ་རིགས་འབྲེལ་མཐུད་པ་ཀུན་དགའ་བཀྲ་ཤིས།
རྒྱ་ཡིག་ཐོག་གི་རྩོམ་དེ་བོད་ཡིག་ཏུ་སྒྱུར་བའི་དགོས་དམིགས་གཙོ་བོ་གང་ཡིན་ཟེར་ན།
གཅིག་ནས་དྲ་གྲོགས་ཚོས་ངེས་པར་དུ་བོད་སྒྱུར་བྱེད་རོགས་ཞེས་རེ་སྐུལ་གནང་བ་དང་། གཉིས་ནས་རྩོམ་ཡིག་འབྲི་མཁན་རྒྱ་རིགས་རྩོམ་པ་པོ་ཁོང་བོད་དོན་ལ་དོ་སྣང་ཆེ་ཞིང་དཔྱད་ཞིབ་ཀྱི་བློ་གྲོས་ཕུལ་དུ་བྱུང་བ་ཡོད་མཁན་ཞིག་ཡིན་པར་བརྟེན། ཁོང་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ཞི་ཅིན་ཕིང་དབར་འབྲེལ་བ་ཡག་པོ་བྱུང་ནས་བོད་ཀྱི་གནད་དོན་ཐག་གཅོད་བྱུང་བ་ཡིན་ན། བོད་ཙམ་མ་ཟད་རྒྱ་ནག་ལའང་ཁེ་ཕན་ཆེན་པོ་ཡོད་པའི་བསམ་ཚུལ་རྣམས་བོད་ཡིག་ཀློག་མཁན་ཚོས་མཁྱེན་ན་བསམ་སྟེ་བོད་སྒྱུར་བྱས་པ་ཡིན། རྩོམ་ཡིག་འདི་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་ RFA རྒྱ་སྐད་ཚན་པའི་དྲ་རྒྱའི་ཐོག་ ༢༠༡༧ ཟླ་བ་ ༡༢ ཚེས་ ༧ ཉིན་འགོད་སྤེལ་བྱས་འདུག
ཞི་ཅིང་ཕིང་དང་༸གོང་ས་ཏཱ་ལའི་བླ་མ་རྣམ་གཉིས་དབར་འགྲིག་འཇགས་ཡོང་རྒྱུར་ཨ་རིའི་
སྲིད་ཟུར་ཨོ་སྦ་མ་བར་འདུམ་གནང་མཁན་ཡིན་ནམ།
༄༅།ལོ་གཅིག་རིང་གོ་རྒྱུ་ཐོས་རྒྱུ་དེ་ཙམ་མེད་པའི་ཨ་རིའི་སྲིད་འཛིན་ཟུར་པ་ཨོ་བྷ་མས་ཉེ་ཆར་སྔ་རྗེས་སུ་རྒྱ་ནག་དང་། རྒྱ་གར། ཕ་རན་སི་བཅས་ལ་འཚམ་གཟིགས་སུ་ཕེབས་སྟབས་ཟླ་བ་ ༡༡ ཟླ་མཇུག་དང་། ཟླ་བ་ ༡༢ ཟླ་འགོར་ཁོང་སླར་ཡང་རྒྱལ་སྤྱིའི་གར་སྟེགས་ཐོག་ཕེབས་པ་དང་མཚུངས་ཤིང་། རྒྱ་ནག་དང་རྒྱ་གར་དུ་ཕེབས་པར་མི་ཚོས་དམིགས་བསལ་དོ་སྣང་བྱས་ཡོད།
ཟླ་བ་ ༡༡ ཚེས་ ༢༩ ཉིན་ཨོ་བྷ་མས་པེ་ཅིང་དུ་རྒྱ་ནག་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིང་ཕིང་མཇལ་བ་དང་། ཉིན་གཉིས་རྗེས་ཏེ། ཟླ་བ་ ༡༢ ཚེས་ ༡ ཉིན་ཁོང་གིས་ལྡི་ལི་གསར་པར་བོད་ཀྱི་ཆེས་མཐོའི་བསམ་པའི་གཙོ་འཛིན་༸གོང་ས་ཏཱ་ལའི་བླ་མ་མཆོག་དང་མཇལ། རྒྱ་ནག་རྒྱལ་ནང་གི་དྲ་རྒྱའི་ནང་ཨོ་བྷ་མས་༸གོང་ས་ཏཱ་ལའི་བླ་མ་མཆོག་དང་ཞི་ཅིང་ཕིང་དབར་གྱི་ “བང་ཆེན་” བྱས་པའི་གནས་ཚུལ་ཐོན་པ་ནི། མི་རྣམས་བསམ་བློ་ཞིབ་ཏུ་གཏོང་དགོས་པ་ཞིག་རེད།
ཨོ་བྷ་མས་སྲིད་འཛིན་གྱི་ལས་རྒྱུན་རིང་༸གོང་ས་ཏཱ་ལའི་བླ་མ་ཐེངས་བཞི་མཇལ་ཡོད་པས་ཁོང་རྣམ་གཉིས་ནི་འབྲེལ་བ་ཧ་ཅང་ཟབ་པའི་གྲོགས་པོ་རེད། ཨ་མེ་རི་ཀའི་སྲིད་འཛིན་ཟུར་པའི་མཚན་གནས་ཡོད་པ་དང་། ༸གོང་ས་ཏཱ་ལའི་བླ་མཆོག་དང་མཚུངས་པའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་གྱི་མཚན་སྙན་ལྡན་པའི་ཨོ་བྷ་མས་ཞི་ཅིང་ཕིང་དང་༸གོང་ས་ཏཱ་ལའི་བླ་མའི་དབར་གྱི་བང་ཆེན་ནམ་ཡང་ན་བར་གནས་མི་སྣ་གནང་བ་ནི་ཧ་ཅང་གི་འོས་ཤིང་འཚམས་པ་ཡིན།
ཨ་མེ་རི་ཀའི་སྲིད་འཛིན་ཟུར་པ་ཀ་ཌར་ Jimmy Carter གྱིས་དེ་སྔ་བར་གནས་མི་སྣ་བྱས་ཏེ་རྒྱལ་སྤྱིའི་ཐོག་གི་རྩོད་རྙོག་ཞི་བར་བྱས་པའི་སྙན་གྲགས་བྱུང་སྟེ། ༢༠༠༢ ལོའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཐོབ། སྲིད་འཛིན་གྱི་ལས་གནས་ལས་འཁྱུར་ཞིང་དགུང་ལོ་ ༥༦ ཡིན་པའི་ཨོ་བྷ་མ་ནི་ད་ལྟ་ཧ་ཅང་གཞོན་གཞོན་ཡིན་ཞིང་། འཛམ་གླིང་ཞི་བདེའི་སླད་གང་སར་ཕེབས་པ་ནི་དུས་ཀྱི་ཆར་པ་རང་རེད།
༸གོང་ས་མཆོག་དང་ཞི་ཅིང་ཕིང་འཆམ་མཐུན་ཡོང་རྒྱུར་༸གོང་ས་ཏཱ་ལའི་བླ་མ་ཕྱོགས་ནས་སྐུ་ངལ་གང་ཡང་མེད། ཟླ་བ་ ༡༡ ཚེས་ ༡༧ ཉིན་༸གོང་ས་ཏཱ་ལའི་བླ་མ་མཆོག་ནས་བོད་ནས་འབྱོར་བ་བཞི་བཅུ་ཙམ་ལ་མཇལ་ཁའི་སྐབས་བཀའ་སློབ་སྩོལ་སྐབས། “ངས་ཁྱེད་རང་ཚོ་ནམ་ཡང་བརྗེད་ཀྱི་མ་རེད། རྒྱ་ནག་གཞུང་གིས་མོས་མཐུན་བྱས་པ་ཡིན་ན། ང་བོད་ལ་ལམ་སེང་ཡོང་གི་ཡིན།” ཞེས་གསུང་པའི་བཀའ་མོལ་དུམ་བུ་གསུམ་པོ་དེར་དམིགས་གསལ་གྱི་གོ་རྒྱུ་ཡོད། “ངས་ཁྱེད་རང་ཚོ་ནམ་ཡང་བརྗེད་ཀྱི་མ་རེད།” ཅེས་གསུང་པ་ནི། གཞིས་ལུས་མི་མང་ནམ་ཡང་མ་བརྗེད་པར། སྐུ་ཚེའི་རིང་བོད་ལ་ཕྱིར་ལོག་མཛད་རྒྱུའི་ཐུགས་རེ་ཡོད་པའི་དོན་ཡིན། “རྒྱ་ནག་གཞུང་གིས་མོས་མཐུན་བྱས་པ་ཡིན་ན། ”ཞེས་གསུང་པ་ནི། མོས་མཐུན་བྱེད་མིན་རྒྱ་ནག་གཞུང་གི་ལག་ཏུ་ཡོད་པ་དང་། ༸གོང་ས་ཏཱ་ལའི་བླ་མ་མཆོག་གིས་རྒྱ་གཞུང་གི་ཐག་གཅོད་ལ་བརྩི་བཀུར་གནང་བཞེད་ཡོད་པ་གསལ་འདོན་མཛད་ནས། མགོན་པོ་གང་གི་འགྱུར་བ་མེད་པའི་དགོངས་བཞེད་བཟང་པོ་དང་། ཐུགས་བག་ཡངས་ཤིང་འཁོན་འཛིན་མེད་པ། ངན་ལན་བཟང་འཇལ་དང་ཆུ་ལན་ཆང་འཇལ་གྱི་མཛད་སྤྱོད་མཚོན་པ་གནང་བའི་དོན་ཡིན་ཞིང་། “བོད་ལ་ལམ་སེང་ཡོང་གི་ཡིན། ”ཞེས་གསུང་པ་ནི། བཙན་བྱོལ་གྱི་འཚོ་བ་མཇུག་སྒྲིལ་སྟེ་རང་ཡུལ་བོད་ལ་ཕྱིར་༸ཞབས་སོར་འཁོད་གནང་མཛད་རྒྱུའི་དོན་ཡིན།
ཞི་ཅིང་ཕིང་དང་༸གོང་ས་མཆོག་དབར་འཆམ་མཐུན་བྱུང་ན། ཞི་ཅིང་ཕིང་གི་ཕྱོགས་ལ་ཆ་རྐྱེན་འཛོམས་ཡོད། གལ་སྲིད་ཏང་གི་ཚོགས་ཚེན་ ༡༨ པའི་སྔ་ནུབ་(ཕྱི་ལོ་ ༢༠༡༢)ཏུ་ཡིན་ན། ཞི་ཅིང་ཕིང་གིས་ལས་འགན་བླངས་རྒྱུར་དབང་ཆའི་འཐབ་རྩོད་ཀྱི་རྙོག་ཁྲ་དང་ཉེན་ཁ་ཆེ་པོ་ཡོད་པ་ནི་གཡང་ས་ཟབ་མོར་བསྡད་པ་དང་འདྲ་ཞིང་། གལ་སྲིད་ཞི་ཅིང་ཕིང་གི་ལས་རྒྱུན་དང་པོའི་སྐབས་ཀྱི་དབང་ཆའི་འཐབ་རྩོད་འདི་འཁྱག་རོམ་སྲབ་མོ་ཞིག་དང་འདྲ་པོ་ཡིན་ན། ཁོང་གིས་བོད་ཀྱི་གནད་དོན་ཐག་གཅོད་བྱེད་རྒྱུར་ནུས་པ་མེད་པ་ནི་ཁག་མེད་པ་ཞིག་རེད།
འོན་ཀྱང་ཏང་གི་ཚོགས་ཆེན་ ༡༩ ཚར་རྗེས་ཀྱི་དེང་གི་དུས་འདིར། ཞི་ཅིང་ཕིང་ལ་དབང་ཆེ་ཆེན་པོ་ཐོབ་ཡོད་པ་དང་། དེ་སྔ་ལྟར་སྲིད་དོན་པ་རྒས་པོ་ཚོའི་འཆིང་ཐག་གིས་བསྡམས་མེད་ལ། ཏང་ནང་གི་སྟོབས་ཤུགས་གཞན་དག་གི་འགོག་རྐྱེན་ཡང་སྔོན་མ་ནང་བཞིན་འཕྲད་མེད་པར། ནང་སྲིད་དང་། ཕྱི་སྲིད་གང་ཐད་ནས་རང་ཐག་རང་གིས་གཅོད་ཐུབ་པའི་གནས་སྟངས་ཤིག་ཆགས་ཡོད་པས། བོད་ཐོག་འཛིན་པའི་ནོར་འཁྲུལ་གྱི་སྲིད་བྱུས་རྣམས་བྱང་ཀོ་རི་ཡར་འཛིན་པའི་ནོར་འཁྲུལ་གྱི་སྲིད་བྱུས་ལ་འགྱུར་བ་བཏང་བ་བཞིན་བོད་ལ་འཛིན་པའི་སྲིད་བྱུས་དེར་ཡང་འགྱུར་བ་གཏོང་ཐུབ་པའི་གནས་སྟངས་ཤིག་ཡོད།
འདས་པའི་ལོ་གཅིག་གཉིས་ནང་རང་སྲེག་བྱེད་མཁན་བོད་མིའི་གྲངས་འབོར་ཉུང་དུ་ཕྱིན་ཡོད་པ་དེ་ནི་༸གོང་ས་ཏཱ་ལའི་བླ་མ་མཆོག་གི་བསླབ་བྱ་དང་འབྲེལ་བ་ཡོད་པར་ངོས་འཛིན་བྱེད་ཀྱི་ཡོད། བོད་རིགས་ས་ཁུལ་ཁ་ཤས་ལ་སླར་ཡང་༸གོང་ས་ཏཱ་ལའི་བླ་མ་མཆོག་གི་སྐུ་པར་བཀལ་ཡང་རྒྱ་ནག་དམར་པོའི་གཞུང་གིས་བཙན་དབང་གིས་བཀག་འགོག་མ་བྱས་པ་དང་། གང་ཡང་མ་བཤད་པ་དེ་ཡང་ཞི་ཅིང་ཕིང་གིས་བརྡ་སྟོན་དང་འབྲེལ་བ་ཡོད་སྲིད། དེ་དག་ཚང་མ་ཕན་ཚུན་གཅིག་གིས་གཅིག་ལ་བཟང་ཕྱོགས་ཀྱི་བརྡ་སྟོན་བྱེད་ཀྱི་ཡོད་པའི་རྟགས་མཚན་རེད།
རྟགས་མཁན་གལ་ཆེ་ཤོས་ནི། རྒྱ་གར་གྱི་བརྒྱུད་ལམ་ནང་བཙན་བྱོལ་བོད་གཞུང་གི་སྲིད་བློན་ཟུར་པ་ཟམ་གདོང་རིན་པོ་ཆེ་མཆོག་གིས་ཟླ་བ་སྔོན་མའི་ནང་གདན་ཞུས་ལྟར་རྒྱ་ནག་ཡུན་ནན་ཞིང་ཆེན་གྱི་ཁུན་མིང་གྲོང་ཁྱེར་དུ་ཕེབས་ཡོད་པ་དང་། མངོན་ཆུང་ཟབ་ནན་གྱིས་རྒྱ་ནག་གཞུང་ཕྱོགས་དང་འབྲེལ་བ་བྱུང་ཡོད་པ་རེད། ཅེས་གནས་ཚུལ་ཐོན་པ་དེ་རེད། གནས་ཚུལ་དེ་ད་བར་ར་སྤྲོད་གསལ་པོ་ཞིག་བྱུང་མེད་ན་ཡང་། པེ་ཅིང་དང་རྡ་རམ་ས་ལ་དབར་གྱི་གྲོས་མོལ་དང་། འགྲིག་འཇགས་ཀྱི་འབྲེལ་བའི་ཐད་ནས་བཤད་ན་དེ་ནི་དགའ་འོས་པ་ཞིག་རེད།
གཞན་གྱིས་བཤད་སྲོལ་ལྟར་ན། ཞི་ཅིན་ཕིང་གི་ཁྱིམ་ཚང་ནི་བོད་དང་ནང་ཆོས་དང་འབྲེལ་བ་ཟབ་མོ་ཡོད་པ་དང་། ཞི་ཅིན་ཕིང་གི་པཱ་ལགས་ཞི་ཀྲུང་ཤུན་ Xi Zhongxun གྱིས་དེ་སྔ་ནུབ་བྱང་ཁུལ་དུ་ཕྱག་ལས་གནང་སྐབས་བོད་ཀྱི་ཆོས་ཕྱོགས་ཀྱི་དབུ་ཁྲིད་གཉིས་པ་པཎ་ཆེན་རིན་པོ་ཆེ་དང་ལྷན་དུ་མི་ལོ་བཞི་བཅུ་ཙམ་གཤིབ་མྱོང་བའི་འབྲེལ་བ་ཡོད་པ། མའོ་ཙེ་ཏུང་གི་དུས་སྐབས་སུ་ཞི་ཀྲུང་ཤུན་དང་པཎ་ཆེན་རིན་པོ་ཆེ་གཉིས་ཀ་ཉེས་མིང་འོག་བཙོན་དུ་ཚུད་མྱོང་ཡང་། མའོ་ཤི་རྗེས་ཁོང་རྣམ་གཉིས་ཀར་བཙོན་གྲོལ་ཐོབ་སྟེ་མུ་མཐུད་མཉམ་ལས་གནང་ཡོད་པ་བཅས། ཁོང་གཉིས་ནི་གཅིག་སེམས་གཅིག་གཏད་དང་། སྐྱིད་སྡུག་མཉམ་མྱོང་གི་གྲོགས་པོ་རྙིང་པ་རེད་བརྗོད་ཆོག་པ་དང་། ཞི་ཅིན་ཕིང་གི་ཨ་མ་ལགས་ཇི་ཤིན་ Qi Xin ཟེར་ཞིང་དད་གུས་ཆེ་བའི་ནང་པ་རེད་ཟེར་སྐད།
ཞི་ཅིན་ཕིང་གི་བཟའ་ཟླ་ཕང་ལི་ཡོན་ Peng Liyuan ནང་ཆོས་ལ་དད་གུས་བྱེད་མཁན་ཞིག་ཡིན་པ་དང་། ལོ་གཉིས་སྔོན་ད་དུང་ཤི་ཨན་ཚི་ཨན་དགོན་པར་ཆོས་མཇལ་དུ་ཕེབས་པའི་གནས་ཚུལ་དེ་རེ་ཞིག་སྐད་གྲགས་ཆེན་པོ་ཆགས། ཁོང་སྐད་གྲགས་ཆེ་བའི་གཞས་མ་ཞིག་ཡིན་པ་ལྟར་དེ་སྔ་བོད་སྐོར་གྱི་གཞས་བཏང་མྱོང་ཡོད། ཞི་ཅིན་ཕིང་ཁོ་རང་ལ་ཆ་བཞག་ན་ཡང་། ཧ་སྦའེ་ He Bei ཞིང་ཆེན་ཀྲིང་ཏིང་ Zheng Ding རྗོང་གི་དམར་ཤོག་ཚོགས་པའི་དྲུང་ཆེ་བྱེད་སྐབས་རྩོམ་པ་པོ་ཁ་ཡུལ་ལུའུ་ Ke Yunlu གི་ཤུགས་རྐྱེན་ཐེབས་ཏེ་དེ་སྔ་ནང་ཆོས་སྦྱང་མྱོང་ཡོད། ཕྱི་ལོ་ ༢༠༡༤ ལོར་ཞི་ཅིན་ཕིང་ཕ་རན་སིར་ནང་ཆོས་དང་རྒྱ་ནག་རིག་གཞུང་གི་འབྲེལ་བའི་སྐོར་གསུང་སྐབས། ནང་ཆོས་ཀྱིས་རྒྱ་ནག་གི་རིག་གཞུང་བསྐྱར་གསོའི་ཁྲོད་གལ་ཆེའི་ནུས་པ་འདོན་སྤེལ་བྱེད་ཐུབ། ཅེས་གསུང་མྱོང་ཡོད།
༸གོང་ས་ཏཱ་ལའི་བླ་མ་མཆོག་གིས་མཐའ་འཁྱོངས་མཛད་བཞིན་པའི་དབུ་མའི་ལམ་དང་། ཞི་བདེ། ཁུངས་ལུང་རྒྱུ་མཚན། འཚེ་མེད་ཞི་བ་བཅས་ཀྱིས་བོད་རང་བཙན་གྱི་འདོད་ཚུལ་བཟུང་གི་མེད་པར་མིང་དོན་མཚུངས་པའི་རང་སྐྱོང་རྩོད་ལེན་མཛད་བཞིན་ཡོད་པ་མ་ཟད། དེ་ཡང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་གི་མིང་དོན་མཚུངས་པའི་རང་སྐྱོང་རྩོད་ལེན་མཛད་བཞིན་ཡོད། ༸གོང་ས་ཏཱ་ལའི་བླ་མ་མཆོག་གི་ཧམ་སེམས་མེད་པའི་ཐུགས་འདུན་ཆུང་ཆུང་ཞིག་ཡོད་པ་ནི། བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་དང་ཡུལ་གོམས་སྲུང་སྐྱོབ་གནང་རྒྱུ་དེ་ཡིན། དྲང་པོར་ཞུས་ན། ༸གོང་ས་ཏཱ་ལའི་བླ་མ་མཆོག་གི་ཐུགས་འདུན་དང་། དགོངས་བཞེས་ཕྱོགས་ནི་རྒྱ་ནག་ལ་ཁེ་ཕན་ཡོད་པ་ཞིག་ཡིན་པ་ལས་གནོད་སྐྱོན་ཡོད་པ་ཞིག་མིན་སྟབས་ཞི་ཅིང་ཕིང་གིས་ཁས་ལེན་མི་ཐུབ་པ་གང་ཡང་མེད།
༸གོང་ས་མཆོག་དགུང་གྲངས་མཐོན་པོར་ཕེབས་ཟིན་པ་དང་། གལ་སྲིད་ཁོང་གི་སྐུ་ཚེའི་རིང་བོད་དོན་ཐག་གཅོད་འོས་འཚམས་ལྡན་པ་ཞིག་མ་བྱུང་བ་ཡིན་ན། ཀུན་གྱིས་རེ་བ་བཅོལ་སའི་ཏཱ་ལའི་བླ་མ་མཆོག་སྐུ་འཚོ་བཞུགས་མེད་པའི་དུས་སྐབས་སུ་བོད་ཕྱི་ནང་གཉིས་ཀྱི་མི་མང་རྣམས་ལམ་གང་འདྲ་ཞིག་ལ་བསྐྱོད་མིན་སུས་ཀྱང་ཚོད་དཔག་དཀའ་བ་ཞིག་རེད་ལ། དབུ་མའི་ལམ་ལ་མུ་མཐུད་ནས་བརྩི་འཇོག་ཐོབ་མིན་ཡང་ཤེས་རྟོགས་དཀའ་བ་ཞིག་རེད། ཀྲུའུ་ཝེ་ཇུན་ལྟ་བུའི་བོད་དང་འབྲེལ་བ་ཡོད་པའི་གཡོན་ཐལ་ཅན་གྱི་རྒྱ་ནག་གི་འགོ་ཁྲིད་ཚོས་བོད་ཀྱི་གནད་དོན་ཐག་གཅོད་བྱ་རྒྱུ་འདི་༸གོང་ས་ཏཱ་ལའི་བླ་མ་མཆོག་དགོངས་པ་མ་རྫོགས་བར་སྒུག་ནས་དུས་འགྱངས་བྱེད་རྒྱུའི་རེ་ངན་འཆང་བཞིན་པ་དེ་རེད། བྱེད་བབ་དེ་ནི་སྒེར་གྱི་ཁེ་ཕན་ཆེད་དང་མཐོང་རྒྱ་ཆུང་དྲགས་པ་ཞིག་ཡིན་པས་དེ་ནི་རྒྱལ་འཕུངས་དམངས་གནོད་ཀྱི་བྱ་བ་རང་རེད།
གལ་སྲིད་ཞི་ཅིང་ཕིང་གིས་བོད་ཀྱི་གནད་དོན་ཐག་གཅོད་བྱ་རྒྱུའི་བསམ་བློ་ཡོད་པ་ཡིན་ན། ༸གོང་ས་ཏཱ་ལའི་བླ་མ་མཆོག་ལ་འཆམ་པོ་དང་མཉམ་ལས་གནང་རྒྱུ་དེ་ནི་ལས་སླ་ཤོས་དང་། བརྟན་ཤོས་ཀྱི་ཐབས་ལམ་ཞིག་རེད། ༸གོང་ས་ཏཱ་ལའི་བླ་མ་མཆོག་གི་བླ་ན་མེད་པའི་མཚན་སྙན་གྲགས་ལ་ཕྱི་ནང་གཉིས་ཀྱི་བོད་མི་ཚོས་གུས་བརྩི་ཆེན་པོ་ཞུ་གི་ཡོད་ལ། རྒྱལ་སྤྱིའི་སྤྱི་ཚོགས་ནས་ཀྱང་རྒྱབ་སྐྱོར་ཤུགས་ཆེན་པོ་དང་། མོས་མཐུན་ཆེན་པོ་གནང་གི་ཡོད། དེར་བརྟེན་༸གོང་ས་ཏཱ་ལའི་བླ་མ་མཆོག་ནི་བོད་ཀྱི་བསམ་པའི་གཙོ་འཛིན་ཡིན་པ་མ་ཟད། འཛམ་གླིང་གི་བསམ་པའི་གཙོ་འཛིན་ཡང་ཡིན། ཁོང་ནི་བོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་ཞིག་ཡིན་པའི་ཆ་ནས་རྒྱལ་སྤྱིའི་ཐོག་མཚན་དང་སྙན་གྲགས་ཀྱང་ཧ་ཅང་ཆེན་པོ་ཡོད་པར་བརྟེན། ཞི་ཅིན་ཕིང་གིས་ཏཱ་ལའི་བླ་མ་མཆོག་ལ་ཡག་པོ་གནང་བ་ཡིན་ན། རྒྱལ་སྤྱིའི་ཐོག་རྒྱ་ནག་གི་གཟུགས་བརྙན་གོང་མཐོར་གཏོང་ཐུབ།
གལ་སྲིད་ཞི་ཅིང་ཕིང་དང་༸གོང་ས་ཏཱ་ལའི་བླ་མའི་དབར་འབྲེལ་ལམ་ཡག་པོ་ཆགས་ནས་བོད་ཀྱི་གནད་དོན་ཐག་གཅོད་བྱུང་བ་དང་། རྒྱ་བོད་འཆམ་མཐུན་བྱུང་བ་ཡིན་ན། དེ་ནི་ཡུ་གུར་མི་རིགས་སོགས་མི་རིགས་གཞན་དག་གི་གནད་དོན་ཐག་གཅོད་བྱེད་རྒྱུར་མིག་དཔེ་བཟང་པོ་ཞིག་སྟོན་ཐུབ། ༸གོང་ས་ཏཱ་ལའི་བླ་མ་མཆོག་ནི་བྱམས་བརྩེའི་བདག་ཉིད་ཅན་ཞིག་ཡིན་པ་དང་། བཟང་པོའི་ཡོན་ཏན་གོང་འཕེལ་གཏོང་བ་མཛད་རྒྱུའི་ནུས་པ་ཆེན་པོ་ཡོད་མཁན་མཚན་སྙན་འཛམ་གླིང་ཡོངས་སུ་ཁྱབ་པ་ཞིག་ཡིན་སྟབས་ཁོང་ཕྱིར་ཕེབས་གནང་རྒྱུ་དེ་ནི། དེང་སྐབས་ཉམས་རྒུད་དུ་འགྲོ་བཞིན་པའི་རྒྱ་ནག་སྤྱི་ཚོགས་ཀྱི་བཟང་སྤྱོད་སླར་གསོ་བྱེད་རྒྱུ་དང་། དངུལ་ཁོ་ན་ཨང་དང་པོར་བརྩི་བ་དང་། ཀུན་སྤྱོད་ཉིན་རེ་བཞིན་ཇེ་སྡུག་ཏུ་འགྲོ་བཞིན་པའི་རྒྱ་ནག་སྤྱི་ཚོགས་ཀྱི་གནས་སྟངས་དེར་བཟང་ཕྱོགས་ཀྱི་སྒྱུར་བ་གཏོང་རྒྱུར་ཧ་ཅང་ཕན་ཐོགས་ཆེ་བའི་མྱུར་སྐྱོབ་ཀྱི་ནུས་པ་ཐོན་ཐུབ་རྒྱུ་རེད།།