༢༠༡༧ ཟླ་ ༡༢ ཚེས་ ༣༡ རེས་གཟའ་ཉི་མ།
༄༅། །འདི་ག་ཕྱི་དྲིལ་བོད་ཡིག་ཚན་པའི་སྤྱི་ཁྱབ་རྩོམ་སྒྲིག་པ་ངག་དབང་ཐོགས་མེད་ཀྱིས་ས་གནས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༧ ཟླ་ ༡༢ ཚེས་ ༣༡ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ ཐོག་ཝཱ་ཎ་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་དུ་ཉིན་གཉིས་རིང་རྒྱ་གར་གནའ་རབས་དང་དེང་དུས་ཚན་རིག་ནང་དུ་སེམས་དང་སེམས་ཀྱི་བྱེད་ལས་སྐོར་རྒྱལ་སྤྱིའི་རང་བཞིན་ལྡན་པའི་བགྲོ་གླེང་ལྷན་ཚོགས་ཉིན་གཉིས་པ་གཟབ་རྒྱས་ངང་བསྐོང་ཚོགས་གནང་ཡོད། སྐབས་དེར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་ཀྱང་མཉམ་ཞུགས་གནང་འདུག
དེ་ཡང་ཐོག་མར་པཱ་ལིའི་གཞུང་གི་ནང་པའི་ཆོས་བརྒྱུད་འཛིན་མཁན་སློབ་དཔོན་ཨསངྒཱ་ཏི་ལཱཀརཏྣཱ་ Asanga Tilaratne ལགས་ཀྱིས་པཱ་ལིའི་གཞུང་ནས་གསུང་པའི་སེམས་ཀྱི་རྣམ་གཞག་སྤྱི་དང་། ལྷག་པར་སེམས་ chitta དང་ཡིད་ mano དང་རྣམ་ཤེས་ vinnana སྐོར་སོགས་ཞིབ་ཕྲ་གསལ་བཤད་དང་དཔྱད་པ་བྱ་ཚུལ་སྐོར་གསུངས།
སྐབས་དེར་༸གོང་ས་མཆོག་གིས་ནང་པའི་པཱ་ལིའི་གཞུང་འཛིན་པ་རྣམས་ལ་ཐེག་དམན་ཞེས་ཐ་སྙད་བེད་སྤྱོད་བྱ་རྒྱུར་ཐུགས་འདོད་རྩ་བ་ནས་མེད་སྐོར་བཀའ་སློབ་སྩལ་དོན། ངོས་ཀྱིས་ནམ་རྒྱུན་ཐེ་ར་ཝ་ད། Theravada ཞེས་བརྗོད་པ་ཡིན་ན་གནས་བརྟན་པའི་སྡེ་པ་ལ་གོ། དེ་ནི་གཙོ་བོ་སྡོམ་རྒྱུན་གྱི་ཆ་ནས་རེད། དཔེར་ན་རྩ་བའི་སྡེ་པ་བཞི་སྟེ་མང་བཀུར་བ། གཞི་ཐམས་ཅད་ཡོད་པར་སྨྲ་བ། འཕགས་པ་གནས་བརྟན་པ་སོགས་ཡོད།
དེ་གཙོ་བོ་སྡོམ་རྒྱུན་གྱི་ཆ་ནས་མ་གཏོགས་ལྟ་གྲུབ་ཀྱི་ཆ་ནས་ཕྲན་བུ་མི་འདྲ་བ་ཡོད་ཆོག འོན་ཀྱང་གཙོ་བོ་ལྟ་གྲུབ་ཀྱི་ཆ་ནས་མིན་པར་སྡོམ་རྒྱུན་གྱི་ཆ་ནས་རེད། དེར་བརྟེན་ངོས་ཀྱིས་ནམ་རྒྱུན་པཱ་ལིའི་ཆོས་བརྒྱུད་འཛིན་པ། ཞེས་བརྗོད་ཀྱི་ཡོད། འཁོར་ལོ་དང་པོ་དེ་གཙོ་བོ་པཱ་ལིའི་ཐོག་ནས་གསུངས་ཡོད། པཱ་ལི་དང་ལེགས་སྦྱར་གྱི་ཆོས་བརྒྱུད་འཛིན་མཁན་ཞེས་འབོད་པ་ལས་ཐེག་པ་ཆེན་པོ་དང་ཆུང་ངུ་ཞེས་པའི་ཐ་སྙད་དེ་ཡག་པོ་མིན་འདུག
དེ་འདྲ་འབོད་ཚེ་འགྲེལ་བཤད་མང་པོ་བརྒྱབ་དགོས་པ་སྟབས་དེ་མི་དགོས་པ་ཞིག་རེད། ཐེ་ར་ཝ་ད་ཞེས་པ་དེ་སྡེ་པ་གཅིག་གི་མིང་ཡིན་པ་དེ་མི་དགོས་པར་པཱ་ལའི་ཆོས་བརྒྱུད་འཛིན་མཁན་དང་ལེགས་སྦྱར་ཆོས་བརྒྱུད་འཛིན་མཁན་ཞེས་ངོས་ཀྱིས་ནམ་རྒྱུན་འདི་ལྟར་ཤོད་ཀྱི་ཡོད། བོད་ཀྱི་འདུལ་བའི་སྡོམ་རྒྱུན་བཤད་ན་གཞི་ཐམས་ཅད་ཡོད་པར་སྨྲ་བའི་སྡེ་པ་རེད།
ཐེག་ཆེན་ཐེག་དམན་གྱི་ཐ་སྙད་བེད་སྤྱོད་བྱས་ཚེ་ཐེག་པ་དམན་པ་ཞེས་མཐོང་ཆུང་ལྟ་བུ་ཡོང་རྒྱུ་དང་། ཐེག་དམན་པ་ཚོས་ཐེག་པ་ཆེན་པོ་ཞེས་པ་དེ་སངས་རྒྱས་ཀྱི་བཀའ་ཡིན་མིན་ཐེ་ཚོམས་རེད་ཅེས་བརྗོད་རྒྱུ་དེ་འདྲ་ཆགས་རྒྱུ་རེད། དེ་འདྲ་བྱས་ན་ཕན་ཐོགས་གང་ཡང་མེད།
མདོ་སྡེ་དགོངས་འགྲེལ་ནས་འཁོར་ལོ་རིམ་པ་གསུམ་གསུངས་པའི་ནང་ནས་དང་པོ་དེ་པཱ་ལིའི་ནང་གསུངས་པ་ཕལ་ཆེར་རེད་འདུག འཁོར་ལོ་བར་པ་དང་མཐའ་མ་ལེགས་སྦྱར་སྐད་ནང་གསུངས་འདུག པཱ་ལིའི་གཞུང་དེ་རྨང་གཞི་རེད། དེ་ནས་འདུལ་བའི་ཉམས་ལེན་དང་། ཞི་གནས་དང་ལྷག་མཐོང་། བྱང་ཕྱོགས་སོ་བདུན། བདེན་བཞིའི་རྣམ་གཞག་བཅས་ཡོངས་རྫོགས་ཐུན་མོང་ཡིན།
གཞི་རྩའི་ནང་པའི་ཆོས་བརྒྱུད་དེ་གཉིས་ཀས་བདག་མེད་པའི་ལྟ་བ་འདོད་མཁན་གཅིག་པ་རེད། ཞིབ་ཚགས་པོའི་ཐོག་ནས་ལེགས་སྦྱར་ཆོས་བརྒྱུད་ནང་ཁུངས་སུའང་བདག་མེད་པའི་ལྟ་བའི་ཐོག་མི་མཐུན་པ་མང་པོ་ཡོད། དཔེར་ན་སེམས་ཙམ་པ་ལྟ་བུར་མཚོན་ནའང་སྟོང་ཉིད་ཀྱི་ལྟ་བའི་ཐོག་བསམ་ཚུལ་མི་མཐུན་པ་ཡོད། སྟོང་ཉིད་ཀྱི་ལྟ་བའི་སྐོར་ལེགས་སྦྱར་ཆོས་བརྒྱུད་ནས་རྒྱས་བཤད་མང་བ་ཡོད།
ནུབ་ཕྱོགས་པ་ཁག་གཅིག་གིས་དེ་སྔ་བོད་བརྒྱུད་ནང་བསྟན་མ་གྲགས་གོང་བོད་ཀྱི་སངས་རྒྱས་པའི་ཆོས་ལ་བླ་མའི་ཆོས་ལུགས་ཟེར། ཕྱོགས་གཅིག་ནས་བོད་པ་རང་ཉིད་ཀྱི་བྱེད་སྟངས་ལ་བརྟེན་ནས་མིས་མིང་འདོགས་དེ་འདྲ་ཞིག་བཏགས་པ་རེད། བོད་པའི་བོད་པའི་བླ་མ་ཚོས་ཀྱང་གཙོ་བོ་ཕྱིའི་ཆ་ལུགས་འདྲ་མིན་བཟུང་ནས་གར་འཆམ་འཁྲབ་རྒྱུས་མཚོན་གཙོ་བོ་ཆོ་ག་ཕྱག་ལེན་ལ་དང་འདོད་ཆེན་པོ་བྱས་པར་བརྟེན་བླ་མའི་ཆོས་ལུགས་ཞེས་མིང་འདོགས་ཐོབ་པ་རེད། ད་ཆ་མཁས་པའི་ཚོགས་སུ་བོད་བརྒྱུད་ནང་བསྟན་དེ་དཔལ་ནཱ་ལེནྡཱའི་ཆོས་བརྒྱུད་ཡང་དག་པ་ཞིག་ཡིན་པ་གསལ་པར་ར་སྤྲོད་བྱུང་ཐུབ་ཡོད། ཅེས་བཀའ་སློབ་སྩལ།
དེ་རྗེས་པེ་རི་སིར་རྟེན་གཞི་བྱས་པའི་རྣམ་ཤེས་རིག་པའི་ཉམས་ཞིབ་སྡེ་ཚན་གྱི་འགན་འཛིན་སྐུ་ཞབས་མེ་ཤལ་བྷིཌ་བྷོལ་ Michel Bitbol ལགས་ཀྱིས་ཨོ་སི་ཊི་རི་ཡའི་ Austrian ཚད་རྡུལ་དངོས་ཁམས་རིག་པའི་ལྟ་གྲུབ་སྨྲ་བ་གྲགས་ཅན་སྐུ་ཞབས་ཨེར་ཝིན་ཤྲོ་ཌིངྒར་ Erwin Schrödinger ལགས་ཀྱིས་གཏན་ལ་ཕབ་པའི་ཚད་རྡུལ་རྣམ་གཞག་སྐོར་ quantum mechanics འགྲེལ་བརྗོད་གནང་། དེ་ཡང་སྐུ་ཞབས་ཨེར་ཝིན་ཤྲོ་ཌིངྒར་ Erwin Schrödinger ལགས་ཀྱིས་གཙོ་བོ་གཉིས་མེད་རིག་བྱེད་མཐའ་པ་ Advaita Vedanta དང་ནང་པའི་པཱ་ལིའི་གཞུང་ལ་གཞི་བཅོལ་ནས་འགྲེལ་བཤད་གནང་སྐོར་གསུངས།
དེ་རྗེས་དགེ་བཤེས་ཐུབ་བསྟན་སྦྱིན་པ་ལགས་ཀྱིས་ཚད་མའི་གཞུང་ནས་གསུང་པའི་ཤེས་པས་ཕྱི་རོལ་གྱི་གཟུགས་ཅན་ཆོས་ཙམ་མ་ཟད། ཤེས་པ་རང་གིས་རང་རིག་པའི་སྐོར་སོགས་གསུངས།
དེ་རྗེས་གསོལ་ཇའི་བར་སེང་བཏང་ནས་སླར་ཡང་བགྲོ་གླེང་མུ་མཐུད་ཚོགས་མཐར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མཇུག་སྡོམ་བཀའ་སློབ་སྩོལ་སྐབས་རྒཡ་གར་གནའ་རབས་ཀྱི་ལྟ་གྲུབ་ནས་གསུང་པའི་སེམས་དང་སེམས་ཀྱི་བྱེད་ལས་ཐོག་ནས་ཆོས་རྣམས་ཀྱི་ཡིན་ལུགས་ལ་དཔྱད་པ་བྱས་པའི་ལག་རྗེས་སུ་ཆོས་གང་དང་གང་ཡིན་རུང་དོན་དམ་རང་ངོས་མ་གྲུབ་པ་གསལ་པོར་ཤེས་པ་བྱ་རྒྱུ་དང་། དེའི་ཐོག་ནས་རང་ཕྱོགས་ལ་མཐའ་གཅིག་ཆགས་པ་དང་གཞན་ཕྱོགས་ལ་མཐའ་གཅིག་སྡང་བའི་རྣམ་རྟོག་གི་བློ་དེ་ཕྲན་བུ་ཤུགས་ཆུང་དུ་བཏང་བ་བརྒྱུད་དཀའ་ངལ་དང་གནས་སྟངས་ཇི་འདྲ་ཞིག་འོག་ཡོད་ཀྱང་སེམས་དེ་ཙམ་མ་འཁྲུག་པར་གནས་ཐུབ་པ་དང་། དེའི་ཐོག་ནས་ཞི་བདེ་གོང་འཕེལ་གཏོང་ཐུབ་སྐོར་སོགས་བཀའ་སློབ་སྩལ།
དེ་རྗེས་རིགས་བདག་དགེ་ངག་དབང་བསམ་གཏན་མཆོག་གིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་རྗེས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བགྲོ་གླེང་ནང་མཉམ་ཞུགས་གནང་མཁན་ཚོགས་བཅར་བ་རྣམས་ལ་ཞལ་ཐང་རེ་གསོལ་སྩལ་མཛད་ནས་སྐུ་པར་ལྷན་སྒྲོན་མཛད།
དེ་ནས་ཉིན་གུང་གསོལ་ཚིགས་བར་མཚམས་སྐབས་ཉེ་འགྲམ་གྱི་ཇི་ཝན་ཇོ་ཏི་ Jeevan Jyothi ཞེས་པའི་བྱིས་པ་ལོང་བའི་སློབ་གྲྭ་ཞིག་ཡོད་དེའི་སློབ་མ་དང་དགེ་རྒན་རྣམས་ལ་མཇལ་ཁ་སྩལ་རྗེས་ཞི་འཚོ་དཔེ་མཛོད་ཁང་གི་མདུན་ཐང་དུ་བགྲོ་གླེང་ལྷན་ཚོགས་སྐབས་གསུང་བཤད་གནང་མཁན་མཁས་དབང་རྣམས་དང་ལྷན་ཉིན་གུང་ལྗགས་སྨིན་དགྱེས་བཞེས་མཛད་པ་བཅས།།