ཕྱི་ལོ་ ༢༠༡༧ ཟླ་ ༡༢ ཚེས་ ༢༠ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༡༢ ཚེས་ ༢༡ རེས་གཟའ་ཕུར་བུའི་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༨།༣༠ ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་བོད་མིའི་གཞིས་ཆགས་སུ་རྟེན་གཞི་བྱས་པའི་བྱེས་ཀྱི་གདན་ས་ཆེན་པོ་སེ་ར་ཐེག་ཆེན་གླིང་གི་ཡ་གྱལ་སེར་སྨད་ཐོས་བསམ་ནོར་གླིང་གྲྭ་ཚང་གི་ཆོས་ར་དང་ཚན་རིག་སྡེ་ཚན་གསར་པ་དབུ་འབྱེད་དང་འབྲེལ་རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་རྟེན་འབྲེལ་བསྟོད་པའི་ལྗགས་ལུང་བཀའ་དྲིན་སྩོལ་སྐབས་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་གསུང་བཤད་གནང་དོན།
འཛམ་གླིང་ཞི་བདེའི་དེད་དཔོན། ལྷར་བཅས་སྲི་ཞིའི་གཙུག་རྒྱན། གངས་ལྗོངས་ལུགས་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་སྒོ་གསུམ་གུས་ཕྱག་སྔོན་དུ་བཏང་བའི་ཐོག་ནས་དེ་རིང་སེར་སྨད་ཐོས་བསམ་ནོར་གླིང་གྲྭ་ཚང་གི་ཆོས་རྭ་གསར་པ་དབུ་འབྱེད་ཀྱི་མཛད་སྒོའི་ཐོག་ཕེབས་པའི་འཇམ་མགོན་རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་དང་། ཁྲི་ཟུར་རིན་པོ་ཆེ། ཤར་བྱང་ཆོས་རྗེ་རྣམ་གཉིས། མཁན་ལས་ཟུར་རྣམ་པ་དང་། དགེ་བཤེས་བླ་སྤྲུལ་རྣམ་པ། སྐྱབས་ཡུལ་དགེ་འདུན་གྱི་སྡེ། དེ་བཞིན་ཧིན་དུའི་བླ་ཆེན་ Sri Shivarathri Deshikendra Swamiji མཆོག་དང་། Dr. Nirmalanandanatha swamiji མཆོག བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་མཆོག གཞན་ཡང་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་ལས་ཟུར་རྣམ་པ་དང་། འདིར་ཆེད་དུ་ཕེབས་པའི་སྐུ་མགྲོན་དང་སེར་སྐྱ་མང་ཚོགས་ཡོངས་ལ་ངས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ་ཐོག་མར་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།
དེ་རིང་སེར་སྨད་ཐོས་བསམ་ནོར་གླིང་གྲྭ་ཚང་གི་ཆོས་ར་གསར་པ་རྟེན་དང་བརྟེན་པར་བཅས་པ་དབུ་འབྱེད་རབ་གནས་དང་ཆབས་ཅིག་ཆོས་ར་གསར་པ་འདི་ལྟ་བུ་ཞིག་དབུ་འབྱེད་གནང་ཐུབ་པ་དང་། དབུ་འབྱེད་ཀྱི་མཛད་སྒོའི་ཐོག་བཅར་ཐུབ་པར་དམིགས་བསལ་དགའ་པོ་བྱུང་། གྲྭ་ཚང་གི་མཁན་རིན་པོ་ཆེ་མཆོག་དང་འབྲེལ་ཡོད་བསྟན་པའི་སྦྱིན་བདག་རྣམ་པ་ཡོངས་ལ་བསྔགས་བརྗོད་དང་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན།
ང་ཚོ་བཙན་བྱོལ་དུ་ཐོག་མ་གྱར་བའི་སྐབས་སུ་ངོ་ཤེས་པ་གནམ་དང་ས་ལྟ་བུའི་གནས་སྟངས་འོག་གཙོ་བོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེའི་བཀའ་དྲིན་དང་གནས་ཡུལ་རྒྱ་གར་དབུས་སའི་གཞུང་མང་གཉིས་ཀྱི་མཐུན་འགྱུར་ལ་བརྟེན་ནས་དེང་དུས་ང་ཚོ་སོ་སོའི་ཆོས་ཙམ་མིན་པར་འཐབ་རྩོད་སོགས་ཀྱི་ཐོག་ལའང་སོ་སོའི་རྐང་པའི་ཐོག་ལང་ཐུབ་པ་ལྟ་བུ་ཆགས་ཡོད། སྤྱིར་བོད་མིའི་ཆབ་སྲིད་ཐབས་རྩོད་རང་དབང་སླར་གསོ་བྱ་ཐབས་ཐོག་ནས་རྒྱལ་སྤྱིའི་ནང་རྒྱབ་སྐྱོར་འཚོལ་རྒྱུའི་ཐོག་ནུས་པ་འབུར་དུ་ཐོན་ཐུབ་པ་ཞིག་དང་། བོད་མིའི་ཐུན་མིན་སྐད་ཡིག་དང་རིག་གཞུང་། གོམས་གཤིས་ཐོག་ད་ལྟའི་དུས་སུ་འཛམ་གླིང་འདིའི་ཐོག་དམིགས་བསལ་ལེགས་སྐྱེས་འབུལ་ཐུབ་པའི་ནུས་པ་ལྡན་པ་ཆགས་ཡོད་སྟབས། གཙོ་བོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེའི་བཀའ་དྲིན་ལ་བརྟེན་ནས་བྱུང་བ་ཡིན་སྟབས། མགོན་པོ་གང་ཉིད་མཆོག་གི་མཛད་པ་འཕྲིན་ལས་ལ་བཀའ་དྲིན་རྗེས་དྲན་ཞུ་རྒྱུ་དང་། འབྱུང་འགྱུར་ཡང་བོད་བསྟན་སྲིད་མི་རིགས་དང་བཅས་པའི་སླད་མཛད་འགན་ལྷུར་བཞེས་ཡོང་བའི་གསོལ་འདེབས་ཞུ་རྒྱུ་ཡིན།
ང་ཚོའི་བསྟན་པའི་གནས་ཚད་ལྟ་བུར་མཚོན་ན། གཞུང་ལུགས་ཁག་ལས་བསྟན་པའི་གནས་ཚད་ཐོག་ནས་མང་ཉུང་སྣ་ཚོགས་བཤད་ཀྱི་ཡོད། འོན་ཀྱང་གཙོ་བོ་བསྟན་པ་གནས་དང་མི་གནས་ཐོས་བསམ་སློབ་གཉེར་ཐོག་ནས་འབད་ཐབས་བྱེད་དགོས་པ་གལ་ཆེན་པོ་རེད་དྲན་གྱི་འདུག དེར་བརྟེན་གཙོ་བོ་གདན་ས་ཆེ་ཁག་རེད། དེ་བཞིན་རིས་སུ་མ་ཆད་པའི་ཆོས་བརྒྱུད་ཚང་མའི་ནང་མཚན་ཉིད་རྩོད་རྒྱུ་དང་། ཐོས་བསམ་སློབ་གཉེར་འབུར་དུ་ཐོན་པ་གནང་རྒྱུ་དེ་གཙོ་བོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དུས་ནས་དུས་སུ་བཀའ་སློབ་ལམ་སྟོན་སྩལ་བར་བརྟེན་ནས་བྱུང་བ་ཞིག་ཡིན་སྟབས། འབྱུང་འགྱུར་ཡིན་ནའང་གཙོ་བོ་ཐོས་བསམ་སློབ་གཉེར་ཐོག་ལ་ཤུགས་སྣོན་བརྒྱག་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད་འདུག ཅེས་དེ་རིང་གི་གོ་སྐབས་འདི་བརྒྱུད་ནས་ཞུ་རྒྱུ་ཡིན།
དེ་བཞིན་འཛམ་གླིང་འདིའི་སྟེང་མི་རིགས་འདྲ་མིན་དང་། མི་རིགས་འདྲ་མིན་ཐོག་ནས་འདུ་ཤེས་འཛིན་སྟངས་རེད། དེ་བཞིན་བསམ་བློའི་མོས་པ་འཛིན་སྟངས་ཐོག་ནས་མི་འདྲ་བ་ཡིན་སྟབས། ནང་པ་སངས་རྒྱས་པའི་ཆོས་ནི་འཛམ་གླིང་གི་གཅེས་ནོར་ལྟ་བུ་ཆགས་པར་བརྟེན་འཛམ་གླིང་སྤྱི་ལའང་དམིགས་བསལ་ལེགས་སྐྱེས་འབུལ་ཐུབ་རྒྱུ་ཞིག་ཆགས་ཀྱི་འདུག དེར་བརྟེན་གཙོ་བོ་དགེ་འདུན་གྱི་སྡེ་རྣམ་པ་དང་བོད་མི་ཡིན་ནོ་ཅོག་གིས་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་ཐོག་ཐུགས་སྣང་གནང་ཐུབ་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད་འདུག ཅེས་ཞུ་རྒྱུ་ཡིན།
ང་ཚོ་བཙན་བྱོལ་དུ་གྱར་ནས་ལོ་ངོ་ ༦༠ ཟིན་ལ་ཉེ་བ་ཆགས་ཡོད། དུས་ཡུན་དེའི་རིང་ང་ཚོ་སྤྱི་ཡོངས་ཐོག་འཐབ་རྩོད་ཀྱི་གནས་སྟངས་དང་། བོད་མི་རིགས་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག གོམས་གཤིས་དེ་དག་ཐོག་དམིགས་བསལ་གྲུབ་འབྲས་ཐོན་པ་ཞིག་དང་། དེའི་ནང་ནས་བསྟན་པའི་གནས་གཞི་དགེ་འདུན་གྱི་སྡེ་འཛུགས་རྒྱུ་དང་། གཙོ་བོ་གདན་ས་ཁག་གིས་མཚོན་ཐོས་བསམ་སློབ་གཉེར་གནང་མཁན་དགེ་བཤེས་ཀྱི་ཕྱག་འཁྱེར་བཞེས་མཁན་བསླབ་པ་སློབ་གཉེར་ཕུལ་ཏུ་ཕྱིན་པ་དེ་འདྲ་མང་པོ་ཐོན་པའི་ཐོག་ནས་འཛམ་གླིང་ནང་དམིགས་བསལ་གོ་སྐབས་གསར་པ་བླངས་ནས་བྱས་རྗེས་བཞག་ཐུབ་པ་དེ་ཧ་ཅང་གོ་སྐབས་བཟང་པོ་རེད།
དེར་བརྟེན་གོ་སྐབས་འདི་རྒྱུན་འཛིན་བྱེད་ཐུབ་དགོས་པ་དང་། དེ་བཞིན་རྗེ་བདག་ཉིད་ཆེན་པོས་གསུངས་པ་ནང་བཞིན། བསྟན་པ་རིན་ཆེན་མཆོག་གིས་མ་ཁྱབ་པའམ། །ཁྱབ་ཀྱང་ཉམས་པར་གྱུར་པའི་ཕྱོགས་དེར་ནི། །སྙིང་རྗེ་ཆེན་པོས་ཡིད་རབ་བསྐྱོད་པ་ཡིས། །ཕན་བདེའི་གཏེར་དེ་གསལ་བར་བྱེད་པར་ཤོག །ཅེས་གསུངས་པ་ནང་བཞིན་ང་ཚོ་དེའི་རྗེས་སུ་འཇུག་ནས་སངས་རྒྱས་ཀྱི་བསྟན་པ་འདི་ཉིད་འཛིན་སྐྱོང་སྤེལ་གསུམ་གནང་ཐུབ་དགོས་རྒྱུ་གལ་ཆེན་པོ་རེད་འདུག ཅེས་ཞུ་རྒྱུ་ཡིན།
དེ་བཞིན་གོང་དུ་ཞུས་པ་ནང་བཞིན་རེད། ང་ཚོ་བཙན་བྱོལ་བའི་གནས་སྟངས་ཐོག་ནས་ད་ལྟའི་དུས་སུ་བཤད་སྒྲུབ་ཀྱི་བསྟན་པ་སོགས་གང་ཙམ་ཤུགས་ཆེན་པོ་རྒྱུན་འཛིན་དར་སྤེལ་གནང་ཐུབ་པ་དང་ཆབས་ཅིག་གཙོ་བོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཚན་རིག་པ་དང་མཉམ་དུ་ལོ་ངོ་སུམ་ཅུ་ལྷག་བཀའ་བསྡུར་མཛད་པར་བརྟེན་ཚན་རིག་པ་མང་པོ་ཞིག་གིས་ནང་ཆོས་ལ་ཚུར་དོ་སྣང་གསར་པ་བསླེབས་པའི་གནས་སྟངས་དང་གོ་སྐབས་ཤིག་བསྐྲུན་གནང་མཛད་ཡོད། དེའི་ཐོག་ནས་ང་ཚོར་གཏིང་ཟབ་ཏུ་གཏོང་ཐུབ་པའི་གོ་སྐབས་གསར་པ་ཞིག་སླེབ་ཡོད་སྟབས། དེའི་ཐོག་ཚང་མས་ཕྱར་གྲུ་མཉམ་འདེགས་ཀྱིས་འབུར་དུ་ཐོན་པའི་ཕྱག་ལས་གནང་ཐུབ་དགོས་རྒྱུ་གལ་ཆེན་པོ་རེད། ཅེས་ཞུ་རྒྱུ་ཡིན།
གཙོ་བོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་ལོ་ ༡༦ ནས་བཟུང་སྟེ་ད་ལྟའི་བར་བོད་བསྟན་སྲིད་མི་རིགས་དང་བཅས་པའི་དོན་དུ་བཀའ་དྲིན་བླ་ན་མེད་པ་བསྐྱངས་པ་དེ་དག་ལ་བཀའ་དྲིན་རྗེས་དྲན་ཞུ་དགོས་རྒྱུ་དང་། དེ་བཞིན་ང་ཚོ་བོད་མི་ཉམ་ཐག་དེ་དག་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཐུགས་བརྩེ་བས་རྗེས་སུ་བཟུང་ནས་འབྱུང་འགྱུར་བོད་བསྟན་སྲིད་མི་རིགས་དང་བཅས་པའི་ཆེད་དུ་མཛད་པ་འཕྲིན་ལས་རྒྱ་ཆེ་རུ་དང་རྒྱུན་མི་ཆད་པ་ཞིག་སྐྱོང་གནང་ཡོང་བའི་གསོལ་འདེབས་སྨོན་ལམ་ཤུགས་དྲག་ཞུ་རྒྱུ་ཡིན།
མཐའ་དོན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་བསྐལ་བརྒྱར་བརྟན་ཅིང་ཐུགས་བཞེད་ལྷུན་གྱི་འགྲུབ་པ་དང་། སེར་སྨད་ཐོས་བསམ་ནོར་གླིང་གྲྭ་ཚང་གི་བསྟན་འགྲོའི་དོན་རྣམས་འགེགས་མེད་ལམ་ལྷོངས་ཡོང་བ། བོད་དོན་བདེན་མཐའ་མྱུར་དུ་གསལ་ཏེ་གཞིས་བྱེས་མཉམ་འཛོམས་ཀྱི་ཉིན་མོ་མགྱོགས་ནས་མྱུར་དུ་འཆར་བའི་གསོལ་འདེབས་སྨོན་ལམ་ཞུ་རྒྱུ་ཡིན། ཐུགས་རྗེ་ཆེ།།