༢༠༡༧ ཟླ་ ༡༡ ཚེས་ ༩ རེས་གཟའ་ཕུར་བུ།
༄༅། །འདི་གར་ཨོ་སི་ཊོ་ལི་ཡའི་སྐུ་ཚབ་དོན་ཁང་ནས་བཏང་གནས་ནང་འཁོད་དོན། རྒྱལ་ས་ཁེན་བྷེ་ར་གྲོང་ཁྱེར་དུ་བོད་བརྒྱུད་ནང་བསྟན་གྱི་དགོན་པ་དང་པོ་བརྒྱག་རྒྱུའི་ས་ཆོག་རབ་གནས་ཀྱི་མཛད་སྒོ་ཞིག་ཕྱི་ལོ་ ༢༠༡༧ ཟླ་ ༡༡ ཚེས་ ༨ ལྷག་དཀར་ཉིན་དངོས་སུ་ཚུགས་ཡོད་པ་དང་། མཛད་སྒོ་དེར་ཁེན་བྷེ་ར་དམིགས་བསལ་ས་ཁུལ་གྱི་སྤྱི་ཁྱབ་བློན་ཆེན་མཆོག་དང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་མཚོ་མགོ་ལྷག་པ་ལགས། ཁེན་བྷེ་ར་བོད་རིགས་མཐུན་ཚོགས་ཀྱི་ཚོགས་གཙོ་དངོས་གྲུབ་རྒྱལ་མཚན་ལགས་ཀྱིས་གཙོས་བཀའ་ཟུར་དང་། དོན་ཟུར། བོད་རིགས་སེར་སྐྱ་མང་ཚོགས། གཞན་ཡང་ནང་པའི་ཚོགས་སྡེ་གཞན་རྣམས་ཀྱི་སྐུ་ཚབ་བཅས་ཁྱོན་མི་གྲངས་བརྒྱ་ལྷག་མཛད་སྒོར་དེར་མཉམ་ཞུགས་གནང་ཡོད།
དགོན་པ་དེ་ནི་ཨོ་སི་ཊོ་ལི་ཡར་རྟེན་གཞི་བྱེད་པའི་བོད་བརྒྱུད་ནང་བསྟན་ས་སྐྱ་བློ་གསལ་ཆོས་མཛོད་ཚོགས་པའི་ལས་འཆར་ཡིན་ཞིང་། ཆོས་ཚོགས་དེའི་འགན་འཛིན་བླ་མ་ཆོས་གྲགས་རིན་པོ་ཆེ་ནས་མཛད་སྒོ་གཙོ་སྐྱོང་དང་འབྲེལ་དགོན་པ་འདིའི་དགོས་དམིགས་སྐོར་ཨིན་སྐད་ཐོག་གསུངས་དོན་སྙིང་པོར། ཕྱི་དངོས་པོའི་ཡར་རྒྱས་ཆེས་ཆེར་འཕེར་བཞིན་པའི་འཛམ་བུ་གླིང་འདིའི་སྒང་ལ་ནང་བསམ་བློ་དང་བཟང་སྤྱོད་གོང་སྤེལ་གཏོང་ཕྱོགས་སྐོར་༸རྒྱལ་བ་རིན་པོ་ཆེ་ལས་ལྷག་པའི་ཐུགས་འགན་མཛད་མཁན་སུ་གང་ཞིག་མེད། ༸རྒྱལ་བ་རིན་པོ་ཆེའི་རླབས་ཆེའི་དགོངས་པ་གཞིར་བཞག་སྟེ་ཁོང་གི་དགོངས་པ་དང་མཐུན་པའི་ཞབས་ཞུ་བསྒྲུབ་ཐུབ་ཡའི་ཆེད་དུ་དགོན་པ་འདི་འདེབས་རྒྱུའི་ལས་འཆར་སྒྲིག་པ་དང་། དགོན་པ་འདི་འདེབས་པར་ས་ཆ་གསོལ་རས་གནང་མཁན་ཁེན་བྷེ་ར་ས་གནས་གཞུང་དང་། འབྲེལ་ཡོད་ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་གསུངས།
ཁེན་བྷེ་ར་དམིགས་བསལ་ས་ཁུལ་གྱི་སྤྱི་ཁྱབ་བློན་ཆེན་མཆོག་ནས་མཛད་སྒོར་གསུངས་བཤད་གནང་དོན། དེ་རིང་གི་ལས་འཆར་དེ་ནི་ཁེན་བྷེ་ར་ས་ཁུལ་དུ་བོད་བརྒྱུད་ནང་བསྟན་གྱི་དགོན་པ་དང་པོ་དེ་ཡིན་ཞིང་། དགོན་པ་འདི་འདེབས་པར་བླ་མ་ཆོས་གྲགས་དང་ཁོང་གི་ཆོས་ཚོགས་ཀྱིས་ལོ་མང་རིང་དཀའ་ལས་བརྒྱབ་ནས་རིམ་བཞིན་འགྲུབ་པ་ཞིག་ཡིན་པ་དང་། དགོན་པ་འདི་བཞེངས་གྲུབ་མཚམས་དད་ལྡན་མང་ཚོགས་ལ་ཁེ་ཕན་རྒྱ་ཆེ་བསྒྲུབ་ཐུབ་ངེས་ཡིན་པ་མ་ཟད། བོད་བརྒྱུད་ནང་བསྟན་གྱི་འཚེ་མེད་ཞི་བ་དང་། བྱམས་སྙིང་རྗེ། གཞན་ཕན་གྱི་རླབས་ཆེའི་དགོངས་གཞི་དེས་འདི་ཁུལ་གྱི་རྒྱ་ཆེའི་མང་ཚོགས་ལའང་ཞབས་འདེགས་རླབས་པོ་ཆེ་སྒྲུབ་ཐུབ་ངེས་ཡིན་ཞེས་གསུངས།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་བོད་མིའི་སྒྲིག་འཛུགས་ཀྱི་ས་གནས་སྐུ་ཚབ་སྐུ་ངོ་མཚོ་མགོ་ལྷག་པ་ལགས་ནས་མཛད་སྒོར་བླང་དོར་གྱི་གསུང་བཤད་གནང་དོན། དེ་རིང་ས་ཕྱོགས་འདིར་བོད་བརྒྱུད་ནང་བསྟན་གྱི་དགོན་པ་ཕྱག་འདེབས་རྒྱུའི་མཛད་སྒོར་བཀུར་འོས་སྤྱི་ཁྱབ་བློན་ཆེན་མཆོག་དང་མང་ཚོགས་མང་པོ་ཞིག་ཕེབས་འདུག་པར་དགའ་ཚོར་ཆེན་པོ་བྱུང་། ཐོག་མ་ཁེན་བྷེ་ར་དམིགས་བསལ་ས་ཁུལ་གྱི་སྤྱི་ཁྱབ་བློན་ཆེན་མཆོག་དང་མི་མང་ནས་བོད་བརྒྱུད་ནང་བསྟན་གྱི་དགོན་པ་འདི་གསར་བཞེངས་ཆེད་ས་ཆ་གསོལ་རས་སྩལ་བའི་མཐུན་སྦྱོར་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། ས་གནས་འདིར་བོད་བརྒྱུད་ནང་བསྟན་གྱི་དགོན་པ་ཞིག་གསར་བཞེངས་གནང་རྒྱུའི་འཆར་གཞི་དེ་བོད་པ་ཙམ་མ་ཟད། ནང་པའི་བསྟན་པར་དོ་སྣང་དང་དད་པ་ཡོད་མཁན་ཚང་མར་ཕན་རླབས་ཆེན་པོ་ཐོབ་ངེས་པར་ངོས་འཛིན་ཞུས་ཀྱི་ཡོད་ཅེས་དང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་དུས་རྟག་ཏུ་ཆོས་ལུགས་འདྲ་མིན་ཚང་མར་གཅིག་གྱུར་གྱི་འགན་ཞིག་ཡོད་པ་ནི། འགྲོ་བ་མི་སྤྱིའི་ནང་སེམས་ཀྱི་ཞི་བདེ་སྐྲུན་རྒྱུ་དང་། ཕན་ཚུན་སྤུན་ཟླའི་འདུ་ཤེས་སྐྲུན་ཐུབ་རྒྱུའི་གལ་ཆེའི་འགན་ཞེས་ཡོད་སྐོར་བཀའ་སློབ་ཕེབས་བཞིན་པ་ལྟར། དེ་རིང་དགོན་པ་གསར་བཞེངས་གནང་རྒྱུའི་འཆར་གཞི་དེས་༧གོང་ས་མཆོག་གི་རླབས་ཆེན་གྱི་དགོངས་གཞི་དེ་དག་བསྒྲུབ་ཐུབ་པའི་རེ་བ་ཞུས་ཀྱི་ཡོད་ཅེས་གསུངས།
དེ་ནས་སྐུ་ངོ་དོན་གཅོད་མཆོག་ནས་མུ་མཐུད་གསུངས་དོན། དེ་རིང་གི་གོ་སྐབས་འདི་བརྒྱུད་ནས་ངས་བོད་ཀྱི་ལུགས་སྲོལ་ལྟར། བཀུར་འོས་སྤྱི་ཁྱབ་བློན་ཆེན་མཆོག་ལ་བཀྲི་ཤིས་མཇལ་དར་ཞིག་ཕུལ་ཆོག་པ་ཞུ་རྒྱུ་དང་། བཀྲིས་པའི་རི་མོ་ལས་གྲུབ་པའི་དཀར་གཙང་གི་དར་དཀར་དེས་ཁྱེད་སྐུ་ཚེ་བདེ་ཐང་ཡོང་བ་དང་། བྱ་བ་ལམ་འགྲོ་ཡོང་བའི་རྟེན་འབྲེལ་མཚོན་གྱི་ཡོད་ཅེས་གསུངས།
དེ་ནས་སྤྱི་ཁྱབ་བློན་ཆེན་མཆོག་དང་། སྐུ་ཚབ་དོན་གཅོད། བླ་མ་ཆོས་གྲགས་རིན་པོ་ཆེ་བཅས་ནས་ཕྱི་ལུགས་ལྟར་དགོན་པ་གསར་བཞེངས་ཀྱི་རྟེན་འབྲེལ་དུ་ས་ཆོག་ཕྱག་ལེན་བསྟར་བ་དང་། དགེ་འདུན་པ་རྣམས་ནས་བོད་ལུགས་ལྟར་སྦྱིན་སྲེག་བླུགས་རྗེས། ཉིན་གུང་ཆུ་ཚོད་དང་པོ་ཙམ་ལ་མཛད་སྒོ་རྒྱལ་ཁའི་ངང་གྲོལ་ཡོད།།