༢༠༡༧ ཟླ་ ༡༡ ཚེས་ ༢ རེས་གཟའ་ཕུར་བུ།
༄༅། །ཨ་རིའི་སྲིད་འཛིན་སྐུ་ཞབས་ཌོ་ནལ་ཊམ་མཆོག་བདུན་ཕྲག་རྗེས་མའི་ནང་རྒྱ་ནག་ཏུ་རྒྱལ་དོན་འཚམས་གཟིགས་སུ་མ་ཕེབས་སྔོན་སྟེ་ཕྱི་ཟླ་ ༡༡ ཚེས་ ༡ ཉིན་ཨ་རིའི་གྲོས་ཚོགས་འོག་མའི་ནང་བོད་དོན་ཐོག་གྲོས་ཚོགས་འོག་མའི་འཐུས་མི་རྣམས་ཀྱིས་གྲོས་འཆར་ཞིག་བཏོན་གནང་འདུག
དེ་ཡང་གྲོས་འཆར་དེ་ནི་སྲིད་འཛིན་ཌོ་ནལ་ཊམ་མཆོག་གིས་བོད་ཐོག་སྲིད་བྱུས་ཇི་འདྲ་ཞིག་འཛིན་དགོས་མིན་ཐད་ཡིན་ཞིང་། ལྷག་པར་ཨ་རིའི་གཞུང་གིས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་འབྲེལ་བ་གནང་སྐབས་བོད་མིའི་གནད་དོན་དེ་གལ་ཆེ་དོན་ཆེར་བརྩི་དགོས་པའི་རེ་འདུན་བཏོན་པ་ཞིག་ཀྱང་ཡིན་འདུག
གྲོས་འཆར་དེའི་ནང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཀུན་ཁྱབ་འགན་ཁུར་གྱི་ལྟ་གྲུབ་འོག་ནས་འཛམ་གླིང་ནང་བྱམས་བརྩེ་དང་བཟོད་བསྲན། ཆོས་ལུགས་མཐུན་སྒྲིལ་གོང་སྤེལ་གཏོང་གནང་མཛད་པའི་མཛད་རྗེས་ལ་ངོས་འཛིན་ཞུ་ཆེད་ཨ་རིའི་གྲོས་ཚོགས་ཀྱིས་གསེར་གྱི་རྟགས་མ་འབུལ་ལམ་ཞུས་པའི་སྐོར་དང་།
རྒྱ་ནག་གཞུང་གིས་བོད་མིའི་ཐོག་དྲག་གནོན་ཅན་གྱི་སྲིད་བྱུས་སྤེལ་བཞིན་པ། དེ་བཞིན་བོད་མི་ཚོས་རྒྱ་ནག་གཞུང་གི་དམ་བསྒྲགས་ཅན་གྱི་སྲིད་བྱུས་འོག་རང་ལུས་མེར་སྲེག་གི་ལས་འགུལ་སྤེལ་བཞིན་པའི་སྐོར་དང་།
བོད་མིའི་ཆོས་དང་རིག་གཞུང་རིམ་བཞིན་རྩ་མེད་དུ་གཏོང་བཞིན་པའི་སྐོར། བོད་ནང་འགྲུལ་བསྐྱོད་ཀྱི་རང་དབང་ཐོག་དམ་བསྒྲགས་ཧ་ཅང་བྱེད་བཞིན་པའི་སྐོར་འཁོད་འདུག
ཐེངས་འདིར་གྲོས་འཆར་ནང་རེ་འདུན་གཙོ་བོ་ནི། སྲིད་འཛིན་ཊམ་མཆོག་གིས་དབུ་ཁྲིད་འོག་ཕྱི་འབྲེལ་སྲིད་བྱུས་ནང་དེ་སྔ་ཕྱི་ལོ་ ༢༠༠༢ ལོར་ཨ་རིའི་གྲོས་ཚོགས་ནང་བོད་དོན་རྒྱབ་སྐྱོར་གྱི་སྲིད་བྱུས་ཕྱི་ལོ་ ༢༠༠༢ Tibetan Policy Act 2002 ཞེས་པ་གཏན་འབེབས་གནང་བའི་འབྲུ་དོན་ལྟར་མུ་མཐུད་ལག་བསྟར་གནང་དགོས་པ་དང་།
ཨ་རིའི་མི་སེར་བོད་ནང་རང་དབང་ཐོག་ནས་འགྲོ་བསྐྱོད་བྱེད་འཇུག་དགོས་པ།
དེ་བཞིན་རྒྱ་ནག་གཞུང་གིས་༸གོང་ས་ཏཱ་ལའི་བླ་མ་མཆོག་གམ་ཁོང་གི་སྐུ་ཚབ་དང་ལྷན་གྲོས་མོལ་བསྐྱར་གསོ་ཐོག་བོད་ཀྱི་གནད་དོན་གསལ་ཐབས་ཆེད་ངེས་པར་དུ་ཤུགས་བརྒྱབ་དགོས་པའི་རེ་འདུན་ཤུགས་ཆེ་བཏོན་འདུག
གྲོས་འཆར་འདོན་མཁན་གྲོས་ཚོགས་འོག་མའི་འཐུས་མི་རྣམས་ཀྱི་མཚན་གཤམ་འཁོད་ལྟར་ཡིན།
Rep. Ileana Ros-Lehtinen, Chairman Emeritus of the House Committee on Foreign Affairs
Rep. Eliot Engel (D-NY), Ranking Member of the House Committee on Foreign Affairs
Reps. Ted Yoho (R-FL) and Brad Sherman (D-CA), the respective Chairman and Ranking Member of the Subcommittee on Asia and the Pacific