༢༠༡༧ ཟླ་ ༡༡ ཚེས་ ༩ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༡༡ ཚེས་ ༩ རེས་གཟའ་ཕུར་བུའི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་སྲིད་ཚབ་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་གིས་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་འཕོ་འགྱུར་བཏང་དགོས་པའི་གནས་སྟངས་ཇི་ཡིན་གསར་འགོད་པ་ཚོར་འགྲེལ་བརྗོད་གནང་རྗེས་གསར་འགོད་པའི་དྲི་བར་ལན་འདེབས་གསལ་བཤད་གནང་འདུག
དེ་ཡང་གསར་འགོད་པས་ཤེས་རིག་བཀའ་བློན་གསར་པ་སུ་ཕེབས་མིན་གྱི་དྲི་བར་སྲིད་ཚབ་མཆོག་གིས། ཤེས་རིག་བཀའ་བློན་གསར་པ་བསྐོ་རྒྱུ་ད་ལྟ་བྲེལ་བ་དེ་ཙམ་མེད། བཀའ་བློན་བསྐོ་སྟངས་འདི་གྲོས་ཚོགས་ཐོག་ནས་བསྐོ་དགོས། གྲོས་ཚོགས་འཚོགས་རྒྱུར་ཟླ་བ་འགའ་ཤས་ཡོད། དེ་དང་འབྲེལ་བའི་ཐོག་ནས་ཤེས་རིག་བཀའ་བློན་གྱི་ཕྱག་ལས་དང་ཤེས་རིག་ལས་ཁུངས་ཀྱི་ཕྱག་ལས་ཐོག་ལ་འཐུས་ཤོར་ཡོང་བའི་སེམས་ཁྲལ་གང་ཡང་མེད།
གསར་འགོད་པས། དངོས་གྲུབ་ཚེ་རིང་མཆོག་ཨ་རིའི་སྐུ་ཚབ་དོན་གཅོད་གནང་ཡུན་རིང་ཤེས་རིག་བཀའ་བློན་གྱི་ལས་འགན་མུ་མཐུད་བཞེས་རྒྱུ་ཡིན་ནམ་ཡང་ན་བཀའ་བློན་གཞན་ཞིག་གིས་གཅིག་ལྕོགས་གནང་རྒྱུ་ཡིན།
སྲིད་ཚབ་མཆོག་གིས། གསལ་བསྒྲགས་ནང་གསལ་པོ་རེད། ཕྱི་ཟླ་ ༡༡ ཚེས་ ༣༠ ཉིན་དོན་གཅོད་རྙིང་པའི་ལས་ཡུན་འཁྱུར་ནས་ཕྱི་ཟླ་ ༡༢ ཚེས་ ༡ ནས་དོན་གཅོད་གསར་པས་ལས་འགན་འཁྱེར་རྒྱུ་རེད། དེའི་གོང་ལ་ཤེས་རིག་བཀའ་བློན་གྱི་ལས་འགན་དེ་འཁྱུར་འགྲོ་རྒྱུ་རེད།
གསར་འགོད་པས། ད་ལྟ་ཤེས་རིག་ལས་ཁུངས་ཀྱིས་བོད་སློབ་འཛིན་ཚོགས་ཆ་ཚང་རྩིས་བཞེས་བཞིན་པའི་སྒང་ཡིན་སྟབས། གློ་བུར་དུ་དངོས་གྲུབ་ཚེ་རིང་མཆོག་སྐུ་ཚབ་དོན་གཅོད་དུ་བསྐོ་གཞག་གནང་བ་ཡིན་སྟབས། ཤེས་རིག་ལས་ཁུངས་ཀྱི་ལས་དོན་མཇུག་སྐྱོང་གནང་རྒྱུའི་ཐད་བཀའ་ཤག་ནས་དགོངས་པ་གང་བཞེས་ཡོད་དམ།
སྲིད་ཚབ་མཆོག་གིས། ལན་ཞུས་ཟིན་པ་ལྟར་རེད། ཤེས་རིག་ལས་ཁུངས་ཀྱི་ལས་དོན་མུ་མཐུད་ནས་བཀའ་ཤག་གིས་གལ་ཆེན་པོ་རྩི་བཞིན་ཡོད། བར་ལམ་ནས་བརྟན་པོ་དང་ཡག་ཐག་ཆོད་ཆགས་ཡོད། ད་དུང་ཞུ་དགོས་པ་མང་པོ་ཞིག་ལྷག་ཡོད། དེ་དག་རྒྱུན་སྐྱོང་བྱ་རྒྱུར་ཤེས་རིག་ལས་ཁུངས་ཀྱི་མི་ཆའི་ངོས་ནས་ཡིན་ནའང་འདྲ། བཀའ་ཤག་ནས་འགན་ཁུར་གནང་ཕྱོགས་ཐད་ནས་ཡིན་ནའང་འདྲ་དེ་དག་ལ་འཐུས་ཤོར་འགྲོ་གི་མ་རེད། འཐུས་ཤོར་འགྲོ་རྒྱུའི་སེམས་ཁྲལ་མེད། འོན་ཀྱང་གལ་ཆེ་དོན་ཆེ་བརྩི་སྟངས་ཤིག་གི་ཐོག་ནས་འགྱུར་བ་གནང་དགོས་པ་ཞིག་ཆགས་ཡོད། ཨ་རིའི་གནས་སྟངས་འདི་ངས་འགྲེལ་བཤད་རྒྱག་དགོས་པ་མེད། ཧ་ཅང་གལ་ཆེན་པོ་ཆགས་ཡོད།
དེར་བརྟེན་དེར་དོན་གཅོད་གསར་པ་ཞིག་བསྐོ་དགོས་ན་བློས་འགེལ་ཐུབ་པ་དང་རྒྱུས་ཡོད་པ། དྲག་འདེམས་ཐོག་ནས་བསྐོ་དགོས་པ་ཞིག་ཆགས་ཡོད་སྟབས་དངོས་གྲུབ་ཚེ་རིང་ལགས་བསྐོ་གཞག་གནང་བ་ལས་ཁོང་གིས་ཤེས་རིག་ལས་དོན་ཐོག་འཐུས་ཤོར་དང་མ་འགྲིག་པ་བྱས་ནས་ཕེབས་པ་ཞིག་རྩ་བ་ཉིད་ནས་མ་རེད། ད་ལྟ་ཤེས་རིག་ལས་ཁུངས་ཐོག་ནས་ཕྱག་ལས་ཧ་ལས་པའི་ཡག་པོ་ཡོང་བཞིན་ཡོད། འོན་ཀྱང་ཁོང་དེ་ལྟར་ཕེབས་དགོས་ཀྱང་ཕྱག་ལས་རྒྱུན་དེ་དག་ལ་དོ་ཕོག་ཡོང་རྒྱུ་མ་རེད། བཀའ་ཤག་གིས་འགན་ཆ་ཚང་འཁྱེར་གྱི་རེད། བཀའ་བློན་གསར་པའི་འགན་འཁྱེར་ཕྱོགས་དེ་དག་ནམ་རྒྱུན་བཅའ་ཁྲིམས་འགྲོ་སྟངས་ལྟར་བྱས་ནས་བསྐོ་གཞག་གནང་རྒྱུ་དང་། བཀའ་བློན་གསར་པ་ཞིག་བསྐོ་ཆེད་གྲོས་ཚོགས་ཚུགས་དགོས། གསར་པ་མ་བསྐོ་བའི་རིང་དེར་ཤེས་རིག་བཀའ་བློན་འགན་དེ་གཅིག་ལྕོགས་གནང་མིན་ཕྱིས་སུ་རིམ་བཞིན་གསལ་པོ་ཆགས་ཀྱི་རེད།
གསར་འགོད་པས། ཉེན་བརྡ་བཏང་བྱུང་གསུང་པ་རེད། ནོར་འཁྲུལ་ཤོར་ཡོད་ན་ནོར་འཁྲུལ་ཤོར་བའི་དཔེ་མཚོན་ཞིག་གསུང་རོགས།
སྲིད་ཚབ་མཆོག་གིས། འདི་རིགས་འཛིན་སྐྱོང་རང་གི་ནང་ཁུལ་གྱི་ལས་ཀ་ཡིན་སྟབས། གསར་འགོད་ལྷན་ཚོགས་ལྟ་བུའི་ཐོག་ཐེར་ཐེར་བྱས་ནས་བཤད་པ་ཡིན་ན་ཡག་པོ་རྩ་བ་ནས་མེད། ང་ཚོས་བཤད་རྒྱུ་མིན། འདི་ད་རེས་འགྲེལ་བཤད་ཞུ་རྒྱུ་མིན། ནང་གི་གནས་ཚུལ་ནང་རང་ལ་བཞག་རྒྱུ་ཡིན། སྤྱིར་དེ་འདྲའི་སྐོར་བཤད་རྒྱུའི་ལམ་ལུགས་ཀྱང་མེད་ལ་ཡག་པོ་རྩ་བ་ནས་མེད། ནང་དོན་གཙོ་བོ་དེ་རང་རེད། ཆང་ངི་ཆུང་ངི་ལྟ་བུ་འགའ་ཤས་བྱུང་ནས་འཕོ་འགྱུར་བཏང་བ་དེ་འདྲ་རྩ་བ་ནས་མ་རེད།
གནས་ཚུལ་གང་ལ་གང་ཙམ་ཞིག་བྱུང་། དེ་ཚོའི་ཐོག་ནས་བྱ་སྤུ་གནོན་གྱི་སྒྲིག་འཛུགས་ཚུལ་བཞིན་ཡོང་གི་མེད་པའི་བཟོ་ལྟའམ་རྣམ་འགྱུར་དང་། གནས་སྟངས་ཤིག་ཐོན། མར་བཀའ་ཤག་དང་ཕྱི་དྲིལ་བཀའ་བློན། ཕྱི་དྲིལ་ལས་ཁུངས་དེ་ཚོའི་ཐོག་ནས་མར་ཡིད་ཆེས་བློས་འགེལ་དགོས་པ་དེ་དག་ཀྱང་འཐུས་སྒོ་ཚང་བ་ཞིག་ཡོང་གི་མེད་པའི་རྣམ་པ་དེ་གནས་ཚུལ་འགའ་ཤས་མ་རེད། མང་པོ་ཞིག་གི་ཐོག་ནས་དེ་ཚོ་འཐོན་ཡོང་བཞིན་ཡོད།
དེར་བརྟེན་ངས་ཞུ་རྒྱུ་འདི་ཡི་གེ་བཏང་བ་དེ་དག་གི་དོན་ཚན་རེ་རེ་བཞིན་བལྟས་ནས་མ་འགྲིག་པ་རེད། བརྗེད་དགོས་རེད་ཅེས་ཟེར་རྒྱུ་མེད། དེ་ཚོ་བསྡོམས་ནས་ཀྱང་བརྗེད་དགོས་རེད། ཅེས་ཟེར་རྒྱུ་མེད། དེ་ཚོའི་ཐོག་གང་སྟོན་གྱི་ཡོད་ཟེར་ན། ཕྱག་ལས་གནང་ཕྱོགས་དེ་བྱ་སྤུ་གནོན་གྱི་སྒྲིག་འཛུགས་ལྟར་ཡོང་གི་མེད་པ་ཕར་ཕྱོགས་དེར་འཐུས་ཤོར་འགྲོ་རྒྱུའི་ཉེན་ཁ་ཡོད་པ། འདི་ནས་འགན་བཞེས་མཁན་སྐུ་ཚབ་དོན་གཅོད་བརྗོད་སྐབས་བཀའ་ཤག་དང་སྲིད་སྐྱོང་ཙམ་མིན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཚན་སྦྱར་ཡོད། དེ་ཚོ་དང་འབྲེལ་བའི་ཐོག་ནས་མར་ཡིད་ཆེས་བློས་འགེལ་ཇི་ཙམ་བྱེད་རྒྱུ་དང་། དེ་འདྲའི་གནས་སྟངས་མང་པོ་ཞིག་མཚོན་རྟགས་འཐོན་ཡོང་སྐབས་ཐག་གཅོད་དེ་ལྟར་གནང་བ་ཞིག་བྱུང་བ་རེད་མ་གཏོགས་འཛིན་སྐྱོང་གི་གནས་ཚུལ་གང་དང་གང་ཡོད་པ། དེ་ཚོ་མ་འགྲིག་པ་གང་ཡིན་རེ་རེའི་ཐོག་ནས་བཀའ་བཏང་བ་ཞིག་མ་རེད་ཞུ་རྒྱུ་ཡིན།
གསར་འགོད་པས། སྤེན་པ་ཚེ་རིང་གིས་དོན་གཅོད་ཀྱི་ཕྱག་ལས་གནང་སྟངས་མ་འགྲིག་པ་མང་པོ་ཞིག་ཡོད་པ་གསུང་བྱུང་། མ་འགྲིག་པ་གང་ཡོད་དམ།
སྲིད་ཚབ་མཆོག་གིས། འདི་འཛིན་སྐྱོང་གི་ལས་ཀ་རེད། འཛིན་སྐྱོང་གི་ལས་ཀར་ད་བར་དེ་འདྲ་མང་པོ་བྱུང་ཡོད། གསར་པ་མང་པོ་བསྐོས་ཡོད། རྙིང་པ་མང་པོ་བརྗེ་འགྱུར་ཕྱིན་ཡོད། དེ་འདྲའི་སྐབས་ལ་གསལ་བཤད་རེ་རེ་བཞིན་ཡོང་གི་མེད། འདི་ནམ་རྒྱུན་གྱི་བྱེད་སྒོ་ཞིག་ཐེངས་འདིརབྱུང་བ་རེད། དེར་བརྟེན་འཛིན་སྐྱོང་དང་འབྲེལ་བའི་གནས་ཚུལ་དེ་དག་གསར་འགོད་གསལ་བསྒྲགས་ཐོག་ནས་ཁོ་པས་འདི་འགྲིག་འདི་ནོར་ཟེར་ནས་འགྲོ་རྒྱུའི་ལམ་སྲོལ་མེད། རྒྱུ་མཚན་རྡོག་རྡོག་གོང་དུ་ངས་ཞུས་པ་ཡིན། དེ་ཚོའི་ཐོག་ནས་མཁྱེན་ཐུབ་རྒྱུ་རེད།
གསར་འགོད་པས། དོ་དག་ལ་གསལ་བཤད་བྱ་རྒྱུའི་གོ་སྐབས་དང་དམིགས་བསལ་ཚོགས་ཆུང་བཙུགས་ནས་གནད་དོན་གང་བྱུང་བའི་ཐོག་རྟོག་ཞིབ་གནང་རྒྱུའི་ཐད་བཀའ་ཤག་ནས་དགོངས་པ་བཞེས་ཡོད་དམ། གསལ་བཤད་གནང་རྒྱུའི་གོ་སྐབས་ཕུལ་ཡོད་དམ།
སྲིད་ཚབ་མཆོག་གིས། འདི་དག་གསན་ནོར་ཆེན་པོ་རེད། ལས་བྱེད་བླང་དོར་སྒྲིག་གཞིའི་ནང་ལས་བྱེད་པ་གཅིག་ལ་མང་ཚོགས་ལ་སོགས་པས་སྐྱོན་བརྗོད་མང་པོ་བྱེད་ཡོང་སྐབས་ཞིབ་འཇུག་ཚོགས་ཆུང་འཛུགས་སྲོལ་ཞིག་ཡོད། དེ་འདྲ་མིན་པར་འཛིན་སྐྱོང་ནང་ཁུལ་རང་ལ་འགྲིག་མ་འགྲིག་རིགས་བྱུང་སྐབས་ཞིབ་འཇུག་ཚོགས་ཆུང་ཟེར་བ་གཞི་རྩ་གང་ཡང་མེད། བྱ་སྤུ་གནོན་སྒྲིག་འཛུགས་ཡོད་ཡོད་རེད། བླང་དོར་སྒྲིག་གཞི་ཡོད་ཡོད་པ་རེད། མི་གཅིག་གིས་བླང་དོར་སྒྲིག་གཞི་འགལ་འདུག་ཟེར་མ་ཐག་དེར་ཞིབ་འཇུག་ཚོགས་ཆུང་བཙུགས་ནས་བླང་དོར་སྒྲིག་གཞི་དང་འགལ་མིན་ལོ་ལྟར་ལས་ཁུངས་སོ་སོའི་ངོས་ནས་འབུལ་ལུགས་འབུལ་སྟངས་ཤིག་ཡོད། ཅེས་ལན་འདེབས་གནང་ཡོད་པ་བཅས།།