ཕྱི་ལོ་ ༢༠༡༧ ཟླ་ ༡༡ ཚེས་ ༩ རེས་གཟའ་ཕུར་བུ།
༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་རྣམས་བོད་མིའི་འདུ་སྡོད་གཞིས་ཆགས་ཁག་ལ་ཕྱོགས་བསྐྱོད་ཕེབས་རྒྱུའི་ས་བགོས་ཡོད་པ་ལྟར། སྤྱི་འཐུས་མཁན་པོ་ཀཿ བྲག་དངོས་གྲུབ་བསོད་ནམས་ལགས་དང་སྤྱི་འཐུས་བ་ར་ཚེ་དབང་བཀྲ་ཤིས་ལགས་རྣམ་གཉིས་ཕྱི་ལོ་ ༢༠༡༧ ཟླ་ ༡༠ ཚེས་ ༡༨ ནས་ཕྱི་ཟླ་ ༡༡ ཚེས་ ༤ བར་རྒྱ་གར་བྱང་ཤར་ནུབ་བྷང་གྷལ་མངའ་སྡེའི་ས་གནས་སི་ལི་གུ་རི་དང་། ས་ལུ་སྒར། ཨོཌ་ལ་ཝ་རི། རྫེའི་སྒང་། དེ་བཞིན་ཀ་སྦུག་བོད་མིའི་ས་གནས་འགོ་འཛིན་ཁྱབ་ཁོངས་ཁག་དང་། འབྲས་ལྗོངས་མངའ་སྡེའི་སྒང་ཏོག་བོད་མིའི་ས་གནས་འགོ་འཛིན་ཁྱབ་ཁོངས་ཁག ར་ཝང་ལ་ཀུན་ཕན་གླིང་གཞིས་ཆགས་བཅས་ཀྱི་བོད་མིའི་གནས་སྡོད་ཁག་ལ་གཞུང་འབྲེལ་ཕྱོགས་བསྐྱོད་ལེགས་པར་གྲུབ་སྟེ། ཕྱི་ཚེས་ ༦ ཉིན་སྤྱི་འཐུས་རྣམ་གཉིས་སོ་སོའི་བཞུགས་གནས་སུ་ཕེབས་འབྱོར་གནང་ཡོད།
དེ་ཡང་སྤྱི་འཐུས་རྣམ་པ་གཉིས་ཕྱི་ཟླ་ ༡༠ ཚེས་ ༡༩ ཉིན་སི་ལི་གུ་རི་ས་གནས་སུ་འབྱོར་འཕྲལ་ཀ་སྦུག་ས་གནས་འགོ་འཛིན་ནས་སྣེ་ལེན་ ཕེབས་བསུ་ཞུས་གནང་བ་དང་། དེ་བཞིན་སྒང་ཏོག་དང་། ར་ཝང་ལ་ཀུན་ཕན་གླིང་བོད་མིའི་གཞིས་ཆགས་སུ་ཕེབས་སྐབས་ས་གནས་འགོ་འཛིན་དང། ས་འཐུས་ཚོགས་གཙོ། ས་གནས་རང་བདེན་ཚོགས་ཆུང་གི་ཚོགས་གཙོ་གཙོས་ས་གནས་མི་མང་ནས་སྣེ་ལེན་གནང་ཡོད་ པ་མ་ཟད། ཁྱབ་ཁོངས་ས་གནས་ཁག་ཏུ་ཕེབས་སྐབས་ཀྱང་ས་གནས་ཀྱི་གནད་ཡོད་མི་སྣས་གཙོས་མི་མང་ ནས་ཕེབས་བསུ་སྣེ་ལེན་གནང་ཡོད་འདུག
ཕྱི་ཚེས་ ༢༠ ནས་ས་གནས་ཁག་གི་ལས་རིམ་དབུ་འཛུགས་ཀྱིས་ཐོག་མར་ས་ལུ་སྒར་སྲད་རྒྱུད་དགོན་དུ་ མི་མང་ལ་གསུང་བཤད་གནང་ཡོད་པ་དང་། ཕྱི་ཚེས་ ༢༡ ཉིན་ས་གནས་མི་མང་སྤྱི་ཁང་གསར་རྒྱག་གནང་བཞིན་པར་གཟིགས་ཞིབ་གནང་ཡོད། རིམ་བཞིན་ལས་རིམ་ལྟར། ཨོཌ་ལ་བྷ་རི་དང་། རྫེའི་སྒང་། ཀ་སྦུག་ནང་རྟེན་གཞི་བྱས་པའི་ཐར་པ་ཆོས་གླིང་དང་། འགྲེམས་སྟོན་ཁང་། ས་གནས་སྨན་རྩིས་ཁང་། རྒས་གསོ་ཁང་། སློབ་གྲྭར་གཟིགས་བསྐོར་དང་། དེ་ནས་ཐང་སྒོ་དང་། གྲོང་འགུག། ཚ་བ་སྟེང། མུ་ཤི་ཐང་། ཅུང་ཐང་། ལ་ཆུང། སྤ་གོང་། མན་གན། རྣ་ཐོས་ལ། སྐུ་སྦུག ནག་ཐང་། མུ་ལི་བཅོ་ལྔ། སྒང་ཏོག་ནང་རྟེན་གཞི་བྱས་པའི་བོད་ཀྱི་ཤེས་རིག་ཉམས་ཞིབ་ཁང་། སྒང་ཏོག་སམ་བྷོ་ཊའི་སློབ་གྲྭ། ར་ཝང་ལ་ས་འགོ་ཁྱབ་ཁོངས་གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ལས་ཁུངས་ཁག། ས་གནས་སྨན་རྩིས་ཁང་སོགས་ལ་གཟིགས་བསྐོར་དང་། མི་མང་དང་སློབ་ཕྲུག་མཇལ་འཕྲད་གནང་སྟེ་གནས་སྟངས་རྒྱུས་ལོན་དང་གསུང་བཤད་ལམ་སྟོན་གནང་ཡོད་འདུག
ཕྱོགས་མཚུངས་ཀ་སྦུག་དང་། སྒང་ཏོག དེ་བཞིན་ར་ཝང་ལ་གཞིས་ཆགས་བཅས་ཀྱི་ནང་རྟེན་གཞི་བྱས་པའི་སྲད་རྒྱུད་དགོན་པ། ཐར་པ་ཆོས་གླིང་དགོན། ས་སྐྱ་དགོན་པ། བཀའ་བརྒྱུད་དགོན། གུ་རུ་ལྷ་ཁང་། ས་ངོར་དགོན་པ། རུམ་བཏེག་དགོན་པ། སེར་བྱེས་འགྲོ་ཕན་གླིང་། བཀའ་དགོན་ཚེ་མཆོག་གླིང་། ས་སྐྱ་གླེ་ལུང་དགོན། ཞུ་རི་ཞིང་གཡུང་དྲུང་ཀུན་གྲགས་གླིང་། ཐུབ་བསྟན་དར་རྒྱས་གླིང་དགོན། བཀའ་བརྒྱུད་བཙུན་དགོན། ར་ལང་དགོན་སོགས་ལ་མཆོད་མཇལ་ཀྱང་ཕེབས་གནང་ཡོད་འདུག
གཟིགས་བསྐོར་ཕྱོགས་ཕེབས་སྐབས་ས་གནས་སོ་སོའི་སློབ་ཕྲུག་དང་མི་མང་གི་བསམ་ཚུལ་ བསྡུ་ལེན་དང་། བཞུགས་མོལ་ཚོགས་འདུ་ཐེངས་ ༡ ཚོགས་གནང་ཡོད་པ་མ་ཟད། སློབ་ཕྲུག་དང་མི་མང་འདུ་འཛོམས་ཐོག་སྤྱི་འཐུས་རྣམ་པ་གཉིས་ནས་གསུང་བཤད་ཐེངས་ ༡༩ ཙམ་གནང་ཡོད། ཐེངས་འདིའི་མི་མང་འདུ་འཛོམས་སྐབས་སོ་སོར། སྤྱི་འཐུས་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་མཆོག་ནས་གཙོ་བོ་སྤྱི་ནོར་༸གོང་ ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་མཛད་འཕྲིན་དང་། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་གཉིས་སྨན་དབུ་མའི་ལམ་གྱི་སྐོར། ཕྱོགས་མཚུངས་སྤྱི་འཐུས་བ་ར་ཚེ་དབང་བཀྲ་ཤིས་མཆོག་ནས་རྒྱལ་སྤྱིའི་གནས་བབས་དང་། རྒྱ་ནག་དང་བོད་ནང་གི་ཆབ་སྲིད་གནས་སྟངས་སྐོར། གྲོས་ཚོགས་ཚོགས་དུས་ ༤ པའི་སྐབས་ཀྱི་ལས་རིམ་སྐོར་སོགས་ཀྱི་ཐོག་གསུང་བཤད་དང་དྲི་བར་ལན་འདེབས་གསལ་བཤད་མཐིལ་ཕྱིན་གནང་ཡོད།
ལྷག་པར་དུ་ཀ་སྦུག་སློབ་གྲྭའི་ཞོགས་པའི་འདུ་འཛོམས་ཐོག་སྤྱི་འཐུས་རྣམ་པ་གཉིས་ ནས་སློབ་ཕྲུག་ཚོར་དགེ་རྒན་གྱི་གནས་བབས་དང་གལ་ཆེ་ཚུལ། དེ་བཞིན་ཤེས་ཡོན་གྱི་གལ་འགངས་དང་། འདས་པའི་ཟླ་ཤས་རིང་ས་གནས་ཀྱི་ཆབ་སྲིད་གནས་བབས་ཀྱིས་སློབ་གྲྭ་སོགས་སྒོ་ བརྒྱབ་དགོས་པར་བརྟེན་སློབ་ཕྲུག་རྣམས་ཀྱི་སློབ་ཚན་ལ་འཐུས་ཤོར་ཕྱིན་པར་བློ་ ཕམ་ཡོད་ཚུལ། འབྱུང་འགྱུར་དགེ་སློབ་ཡོངས་ནས་སློབ་སྦྱོང་ཐོག་དམིགས་བསལ་གྱིས་དོ་སྣང་དང་ འབད་བརྩོན་ཆེར་བསྐྱེད་དགོས་ལུགས། གནས་ཡུལ་རྒྱ་གར་གྱི་ཡུལ་ཁྲིམས་སྲུང་དགོས་སྐོར། རྒྱུན་དུ་ཡ་རབས་བཟང་སྤྱོད་གནང་དགོས་ཚུལ་སོགས་ཀྱི་ཐོག་བཀའ་སློབ་ལམ་སྟོན་གནང་ ཡོད། ད་རེས་ཕྱོགས་བསྐྱོད་སྐབས་སྤྱི་འཐུས་རྣམ་གཉིས་ནས་སྒང་ཏོག་རུམ་བཏེག་དགོན་དུ་ མཉན་པ་རིན་པོ་ཆེ་མཆོག་དང་། ར་ལང་དགོན་དུ་༸སྐྱབས་རྗེ་རྒྱལ་ཚབ་རིན་པོ་ཆེ་མཆོག་བཅས་མཇལ་གནང་ཡོད་འདུག
གཟིགས་བསྐོར་ཕྱོགས་བསྐྱོད་སྐབས་སློབ་ཕྲུག་དང། མི་མང་། ཁོངས་སོ་སོ་ནས་དཀའ་སེལ་མཇུག་སྐྱོང་དགོས་རིགས་སྙན་ཞུ་དང་། ཉམ་ཐག་གི་གནས་ཚུལ་རྒྱུས་ལོན་དང་དཀའ་སེལ་མཇུག་སྐྱོང་། དགོན་སྡེ་ཁག་དང་། སློབ་གྲྭ། མི་མང་སོགས་ཀྱི་གནས་སྟངས་ཐོག་གཟིགས་ཞིབ་གནང་ཆེད་ཕྱོགས་ཕེབས་ཉིན་གྲངས་ཁྱོན་ ༡༩ ཙམ་གྱི་གཞུང་འབྲེལ་ཕྱོགས་བསྐྱོད་ཀྱི་ལས་དོན་ཡོངས་སུ་གྲུབ་པ་གནང་ཡོད། ད་རེས་སྤྱི་འཐུས་རྣམ་གཉིས་ས་བགོས་ལྟར་ཕྱོགས་བསྐྱོད་ཕེབས་རིང་ས་གནས་སོ་སོ་ ནས་བདེ་སྡུག་ཞུས་ཁག་ལ་འབྲེལ་ཡོད་ལྷན་ཁང་སོ་སོས་དཀའ་སེལ་དགོངས་བཞེས་དང་ འབྲེལ་བའི་ཕྱག་བསྟར་མཇུག་སྐྱོང་གནང་དགོས་རིགས་རྣམས་དོན་གནད་རེ་རེ་བཞིན་ སྤྱི་འཐུས་རྒྱུན་ལས་བརྒྱུད་འཛིན་སྐྱོང་བཀའ་ཤག་ཏུ་འབུལ་ལམ་ཞུ་རྒྱུ་ཡིིན་པ་བཅས་ཀྱི་གནས་ཚུལ་སྙིང་བསྡུས་སུ།།