ཕྱི་ལོ་ ༢༠༡༧ ཟླ་ ༡༡ ཚེས་ ༩ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༡༡ ཚེས་ ༩ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྡ་ས་རིགས་ལམ་སླེབ་གཉེར་ཁང་དང་དབུས་བོད་ཀྱི་སྨན་རྩིས་ཁང་གི་སློབ་ཐོན་པ་དང་། ལྷ་སྤྱི་ཚོགས་ཞབས་ཞུ་ཚོགས་པའི་འགོ་ལས་དང་དྭངས་བླངས་བ། རྒྱ་གར་དང་འབྲུག་པ། བོད་རིགས། ཨིན་ཡུལ་སོགས་ནས་ཕེབས་པའི་ཡུལ་སྐོར་སྤྲོ་འཆམ་པ་སོགས་ཁྱོན་མི་གྲངས་ ༢༠༠ ཙམ་ལ་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་གསུང་ཆོས་རྭ་བའི་ནང་མཇལ་ཁ་དང་སྐུ་དཔར་ལྷན་བསྒྲོན་གནང་རྗེས་བཀའ་སློབ་སྩལ་དོན།
དེ་རིང་འདིར་ཚོགས་ཁག་མང་པོ་ཡོད་པའི་ནང་ནས་སྔོན་ལ་རིགས་ལམ་སློབ་གྲྭ་ནས་ཐོན་པ་དེ་དག་ལ་བཀྲ་ཤིས་བདེ་ལེགས་ཟེར་རྒྱུ་ཡིན། ལོ་མང་རིང་བརྩོན་འགྲུས་བྱས་ནས་སློབ་སྦྱོང་བྱས་པར་བརྟེན་རྗེས་སུ་ཡི་རངས་ཡོད། སོ་སོ་སྒེར་ལའང་མི་ཚེ་དོན་དང་ལྡན་པ་ཡོང་རྒྱུ་དང་། སངས་རྒྱས་པའི་ཆོས་ཕྱོགས་ཀྱི་བསམ་བློ་གཏོང་སྟངས་ཐོག་ནས་གཞན་ཕན་རྒྱ་ཆེན་པོ་བྱེད་ཐུབ་རྒྱུ་ཡིན་སྟབས། གང་ལྟར་དོན་གཉིས་སྒྲུབ་རྒྱུའི་རྒྱུ་རྐྱེན་ཁྱེད་རང་ཚོས་བསྒྲུབས་པ་རེད། ཐུགས་རྗེ་ཆེ་ཟེར་གྱི་ཡིན།
དེ་ནས་རིམ་པ་གཉིས་པ་ལྷ་སྤྱི་ཚོགས་ཞབས་ཞུ་ཚོགས་པས་སྤྱི་ཚོགས་ཞབས་འདེགས་སྒྲུབ་རྒྱུའི་ལས་ཀ་བྱས་པ་རེད། ཧ་ཅང་ཡག་པོ་བྱུང་འདུག ང་རང་ཚོ་མིའི་སྤྱི་ཚོགས་གང་དུ་ཡིན་ནའང་། འཇོན་ནུས་མི་འདྲ་བ་ཡོད་པ་ཆོས་ཉིད་རེད། འབྱོར་ལྡན་ཚོ་ཕྲན་བུ་བཟང་གི་རེད། སྐྱོ་བ་དེ་ཚོའི་གྲས་ཚོགས་པ་སྐྱིད་སྡུག་དེ་འདྲའི་ཐོག་ནས་ལྟ་རྟོགས་ཡོད་བྱེད་མཁན་ཡོད་ན། ཧ་ཅང་ཕན་ཐོགས་ཡོད། དེར་བརྟེན་ཁྱེད་རང་ཚོས་ལོ་མང་རིང་སྤྱི་ཚོགས་ཀྱི་ཞབས་འདེགས་སྒྲུབ་རྒྱུ། དེ་ཡང་སྤྱི་ཚོགས་ཀྱི་ཞབས་འདེགས་སྒྲུབ་རྒྱུ་ཟེར་དུས་དངོས་གནས་དཀའ་ངལ་འཕྲད་བཞིན་པའི་ཁྱིམ་ཚང་ཚོར་རོགས་བྱེད་རྒྱུ་རེད།
ཕྱོགས་གཅིག་ནས་དེ་སྔ་ང་ཚོ་བོད་ལ་ཡོད་པའི་སྐབས་ཡིན་ན། ཁར་ཐུག་མཐོང་བ་མ་གཏོགས་འཛམ་གླིང་སྤྱི་ཡོངས་མཐོང་བ་མེད། ང་ཚོ་རྒྱ་གར་དུ་འབྱོར་ཏེ་བཙན་བྱོལ་བ་ཆགས་ནས་ཕྱོགས་གཅིག་ནས་ལུང་པ་བྲལ། ཧ་ཅང་ཐབས་སྐྱོ་པོ་རེད། ལྷག་པར་སོ་སོའི་ལུང་པའི་ནང་དཀའ་ངལ་ཧ་ཅང་འཕྲད་བཞིན་ཡོད།
གང་ལྟར་སོ་སོའི་ཆོས་དང་རིག་གཞུང་དེ་དག་བདག་པོ་ཡག་པོ་རྒྱག་མི་ཐུབ་པའི་གནས་ཚུལ་ཆགས་ཀྱི་ཡོད། ཧ་ཅང་ཐབས་སྐྱོ་པོ་རེད། འོན་ཀྱང་རིམ་པས་འགྱུར་བ་ཏན་ཏན་འགྲོ་ཡི་རེད། ང་ཚོ་བཙན་བྱོལ་བ་ཆགས་ཏེ་ཧ་ཅང་ཐབས་སྐྱོ་བོ་ཡིན་ནའང་། ང་ཚོ་བཙན་བྱོལ་བ་ཆགས་པ་དེའི་མཐོང་རྒྱ་དང་མཐོས་རྒྱར་ཏན་ཏན་ཕན་ཐོགས་བྱུང་ཡོད། བོད་ནང་ཡོད་མཁན་ཚོའི་འཛམ་གླིང་གནས་སྟངས་གང་འདྲ་ཡིན་མིན་དེ་ཚོའི་གྲས་ཕལ་ཆེར་དེ་ཙམ་ཤེས་ཀྱི་མ་རེད།
ང་ཚོ་བཙན་བྱོལ་ནང་ཡོད་མཁན་ཚོ་ལུང་པ་བྲལ་ནས་ཐབས་སྐྱོ་པོ་ཡོད་ནའང་གནས་ཚུལ་མང་པོ་མཐོང་ཐུབ་པའི་གོ་སྐབས་ཡོད། དེར་བརྟེན་ཤེས་ཡོན་ནི་ཧ་ཅང་གལ་ཆེན་པོ་རེད་འདུག ངོས་ཀྱིས་ནམ་རྒྱུན་རྟག་པར་བརྗོད་ཀྱི་ཡོད། དཔེར་ན། ནང་པའི་ཆོས་ཀྱི་ཐོག་ནས་བཤད་པ་ཡིན་ནའང་། སྐྱ་སེར་ཕོ་མོ་དབྱེ་བ་མེད་པར་ཚང་མས་སློབ་སྦྱོང་བྱེད་རྒྱུ་གལ་ཆེན་པོ་རེད། ཅེས་འབོད་སྐུལ་བྱེད་ཀྱི་ཡོད།
དེ་ནས་ང་ཚོ་བོད་པ་དུས་རབས་༢༡ ནང་པ་བྱེད་དགོས། ངོས་ཀྱིས་ནང་པའི་ཆོས་ཡག་ཤོས་རེད་ཅེས་ནམ་ཡང་ཟེར་གྱི་མེད། མི་སོ་སོའི་ཁམས་དང་མོས་པར་བསྟུན་ནས་འགྲོ་རྒྱུ་རེད། ཁམས་དང་མོས་པའི་ཁྱད་པར་ལས་རིགས་འགའ་ཤས་ལ་འཇིག་རྟེན་བཀོད་པ་པོ་འདོད་མཁན་གྱི་ཆོས་བརྒྱུད་ནུས་པ་ཆེ་བ་ཡོད། ཡི་ཤུ་དང་ཁ་ཆེ། ཧིན་དུའི་ཆོས་སོགས་མང་ཆེ་བས་འཇིག་རྟེན་བཀོད་པ་པོ་འདོད་ཀྱི་ཡོད། མི་མང་པོ་ཞིག་ལ་འདིས་ཕན་གྱི་ཡོད། རྒྱུ་མཚན་ཐོག་ནས་བསམ་བློ་གཏང་དགོས་བྱུང་ན། འཇིག་རྟེན་བཀོད་པ་པོ་འདོད་རྒྱུ་ནི། ཕྲན་བུ་རྙོག་གྲ་ཚ་བོ་ཡོད། དེར་བརྟེན་སངས་རྒྱས་པའི་གཞུང་ནང་རྟག་པ་རང་བྱུང་གི་སྐྱེས་བུ་མེད་ཅེས་སྒྲུབ་བྱེད་མང་པོ་བཀོད་ཡོང་གི་འདུག དེང་སྐབས་སྤྱིར་སངས་རྒྱས་པའི་ཆོས་དང་། དེའི་ནང་ནས་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་ནི། རིགས་པ་རང་གི་ཐོག་ནས་བརྟག་དཔྱད་བྱེད་རྒྱུ་ཞིག་འདུག ངོས་ཀྱིས་རྟག་པར་ཟེར་རྒྱུ་དེ་རེད། བཅོམ་ལྟན་འདས་ཀྱིས། དགེ་སློང་དག་གམ་མཁས་རྣམས་ཀྱིས། །བསྲེགས་བཅད་བརྡར་བའི་གསེར་བཞིན་དུ། །ལེགས་པར་བརྟག་ལ་ང་ཡི་བཀའ། །བླང་བར་བྱ་ཡི་གུས་ཕྱིར་མིན། །ཞེས་བཅོམ་ལྡན་འདས་རང་ཉིད་ཀྱིས་བཀའ་དེ་བཅོམ་ལྡན་འདས་ཀྱི་རྗེས་འབྲང་ཚོས་བརྟག་དཔྱད་དང་ཚོད་ལྟ་བྱས་པའི་ཐོག་ནས་ཕན་ཐོགས་ཡོད་པ་ར་འཕྲོད་རྒྱུ་ཞིག་ཡོང་གི་འདུག་ན། ཡིད་ཆེས་བྱོས། ཞེས་གསུངས་ཡོད་རེད་མ་གཏོགས་བཅོམ་ལྡན་འདས་ཀྱིས་བཀའ་རེད། ཅེས་དད་པ་དང་གུས་པ་ཙམ་རྒྱུ་མཚན་དུ་བྱས་ནས་བཅོམ་ལྡན་འདས་ཀྱིས་བཀའ་དེ་ཁས་ལེན་དགོས་ཀྱི་མ་རེད། ཅེས་བཅོམ་ལྡན་འདས་རང་ཉིད་ཀྱིས་གསུངས་ཡོད།
གང་ལྟར་གནས་ཚུལ་མང་པོ་མཐོང་བའི་ཐོག་ནས་ཕྱོགས་བསྡོམས་བརྒྱབ་ཏེ་ཡོང་བ་ཡིན་ན། རྣམ་དཔྱོད་ཅན་ཟེར་རྒྱུ་དེ་ཆགས་ཐུབ་ཀྱི་ཡོད། ཁ་ཐུག་གང་མཐོང་བ་དང་ང་རང་ཚོའི་ཕ་མ་དང་མེས་པོ་ཚོས་གང་བྱས་པ་དེ་ག་རང་ཐོག་ཕྱིན་ན། ཧ་ཅང་རྒྱ་ཆེན་པོ་ཆགས་ཀྱི་མི་འདུག
དེར་བརྟེན་ཁྱེད་རང་ཚོས་ཤེས་ཡོན་ཐོག་མང་ཚོགས་ལ་ཞབས་འདེགས་སྒྲུབ་ཐབས་བྱེད་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད་འདུག འཛམ་གླིང་འདིའི་སྟེང་རྒྱལ་ཁབ་ཤེས་ཡོན་ཇི་ཙམ་ཡར་རྒྱས་ཕྱིན་པ་དེ་ལ་དཔགས་པའི་ཡར་རྒྱས་ཆེ་བ་ཡོད། ཉེ་ཆར་ངོས་རང་ཨབ་རི་ཀ་དང་དཀྱིལ་ཤར་སོགས་ཕལ་ཆེར་རྒྱལ་ཁབ་བཅུ་གྲངས་ཀྱི་སློབ་ཕྲུག་དང་ཐུག་པ་རེད། ཇི་ཙམ་ཤེས་ཡོན་ཡོད་པ་དེ་དག་བསམ་བློ་གཏོང་རྒྱུ་ཤུགས་ཆེ་བ་དང་ཡར་རྒྱས་འགྲོ་ཐུབ་པ། ཤེས་ཡོན་ཧ་ཅང་མེད་པ་དེ་དག་སྐྱོ་བ་འདུག སློབ་ཕྲུག་དེ་དག་ཁོངས་ནས་ཨབ་གྷ་ནི་སི་ཐན་དང་སི་རི་ཡ་ནས་ཡོང་བ་ཁ་ཤས་འདུག བསམ་བློ་ཧ་ཅང་གུ་དོག་པོ་ཡོད་པ་བཤད་སོང་།
དེ་དག་དང་བསྡུར་ན་ང་ཚོ་བོད་པ་བསམ་བློ་ཧ་ཅང་གུ་ཡངས་པ་དང་རྒྱ་ཆེ་བ་འདུག ཨབ་གྷ་ནི་སི་ཐན་ཁུལ་དུ་ཆོས་ཕྱོགས་ཐོག་ནས་བསམ་བློ་ཧ་ཅང་གུ་དོག་པོ་གཏོང་གི་ཡོད་པའི་བཟོ་འདྲ་བཤད་སོང་། དེར་བརྟེན་ཤེས་ཡོན་ནི་ཧ་ཅང་གལ་ཆེན་པོ་རེད་འདུག ཁྱེད་རང་ཚོས་སྤྱི་ཚོགས་ཀྱི་ཞབས་འདེགས་སྒྲུབ་རྒྱུ་སྤྱི་དང་། ཡང་སྒོས་ཤེས་ཡོན་ཐོག་ཞབས་འདེགས་སྒྲུབ་རྒྱུ་དེར་རྗེས་སུ་ཡི་རངས་ཡོད། ཧ་ཅང་ཡག་པོ་རེད། ཐུགས་རྗེ་ཆེ་ཟེར་གྱི་ཡིན།
དེ་ནས་སྨན་རྩིས་ཁང་རེད། བོད་སྨན་ནི་མི་འདྲ་བ་ཞིག་རེད་འདུག དེ་སྔ་ཕལ་ཆེར་དུས་རབས་ ༨ ནང་བཙན་པོ་ཁྲི་སྲོང་ལྡེ་བཙན་བཞུགས་པའི་སྐབས་ཤིག་ལ་འབྲེལ་ཡོད་རྒྱལ་ཁབ་ཁག་ཁ་ཤས་ནས་གསོ་བ་རིག་པའི་མཁས་པ་ཁ་ཤས་ཚུར་རུག་རུག་བྱས་ནས་བོད་ནང་རྒྱལ་སྤྱིའི་རང་བཞིན་ལྡན་པའི་ཚོགས་འདུ་ཚོགས་པ་རེད། ཅེས་ངོས་ཀྱི་ཐོས་མྱོང་། སྨན་པའི་ལོ་རྒྱུས་ནང་དེ་ལྟར་བཤད་ཀྱི་འདུག
གང་ལྟར་དངོས་ཡོད་གནས་ཚུལ་ལ་བོད་པའི་སྨན་གཞུང་ནང་རྩ་ལྟ་རྒྱུའི་རིགས་ཁ་ཤས་ལ་རྒྱ་སྐད་བེད་སྤྱོད་བྱེད་ཀྱི་འདུག རྒྱ་ནག་གི་གནའ་རབས་སྨན་བཅོས་རིག་གཞུང་དེ་དག་འབྲེལ་བ་ཡོད་པ་ཧ་ཅང་གསལ་པོ་རེད། གཙོ་ཆེ་རྒྱ་གར་ནས་ཚེའི་རིག་བྱེད་ Ayurvedic ཀླུ་སྒྲུབ་དང་ཕལ་ཆེར་སློབ་དཔོན་དཔའ་བོ་ཡིན་པ་ཡོད། གསོ་བ་རིག་པའི་གཞུང་དེ་འདྲ་མཛད་ཡོད། གང་ལྟར་བོད་ཀྱི་གསོ་བ་རིག་པའི་ནང་ཁྱིམ་མཚེས་རྒྱལ་ཁབ་ཁག་གི་གསོ་བ་རིག་པའི་རིག་གནས་ཀྱི་ལེགས་ཆ་བསྡུས་ཡོད་པ་ཕལ་ཆེར་རེད་འདུག
ངོས་ཀྱི་ཉམས་མྱོང་དང་དེ་བཞིན་མི་མང་པོས་བོད་སྨན་བཟས་ནས་ཕན་སོང་ཟེར་མཁན་དེ་འདྲ་མང་པོ་འདུག སྔ་མོ་ཕྱི་ལོ་ ༡༩༥༩ དང་ ༦༠ ནང་ལ་དེང་སང་གི་ཤེས་ཡོན་ཡོད་མཁན་ཁ་ཤས་ཀྱིས་བོད་པའི་སྨན་ཡག་པོ་ཡོད་མ་རེད། མེག་ལོར་གྷན་ཇི་ཡི་འདམ་འབག་གིས་བཟོས་པ་རེད་ཅེས་བཤད་རྒྱུ་བྱུང་བ་རེད། བོད་པའི་སྨན་གྱི་ནང་དུ་བླ་མའི་སྐྱག་པ་དང་གཅིན་པ་ཡོད་པ་རེད་ཅེས་ཀྱང་བཤད་རྒྱུ་ཡོད་པ་རེད། རིམ་བཞིན་བོད་སྨན་ལ་དོ་སྣང་བྱེད་མཁན་ཤུགས་ཆེ་རུ་འགྲོ་བཞིན་འདུག
རིམ་པས་བོད་སྨན་ལ་དོ་སྣང་བྱེད་མཁན་ཤུགས་ཆེ་རུ་འགྲོ་གི་འདུག དཔེར་ན། སྨན་རྩིས་ཁང་གི་སློབ་ཕྲུག་ཅིག་པོ་ལེན་ཌིའི་ Poland རྒྱལ་ས་ཝར་སོའི་ Warsaw ནང་སྨན་ཁང་ཆུང་ངུ་ཞིག་བཙུགས་ནས་འགྲོ་དོན་ཧ་ཅང་འདུག ང་ཚོའི་བོད་སྨན་འདི་མ་འོངས་པར་ཏན་ཏན་འཛམ་གླིང་སྤྱིའི་མི་ལ་སྨན་བཅོས་བྱ་རྒྱུ་དང་། ལྷག་པར་ནད་སྔོན་འགོག་བྱེད་རྒྱུར་བོད་སྨན་ཧ་ཅང་ཡག་པོ་ཡོད་པའི་བཟོ་འདྲ་ཞིག་འདུག ཕོ་བའི་སྨན་དེ་དག་ཧ་ཅང་ཡག་པོ་ཡོད་པའི་བཟོ་འདྲ་ཞིག་འདུག འདིར་བོད་ཀྱི་སྨན་རྩིས་ཁང་བཙུགས་ནས་ལོ་དེ་དག་ཕྱིན་པ་རེད། ལོ་ཡུན་འདིའི་ནང་སློབ་ཕྲུག་མང་པོ་ཐོན་ཡོད། ས་ཁུལ་འདྲ་མིན་ནང་ལས་ཀ་བྱས་ནས་ཞབས་འདེགས་སྒྲུབ་བཞིན་ཡོད། གསོ་བ་རིག་པའི་སྐོར་ད་དུང་མུ་མཐུད་ཡར་རྒྱས་གཏོང་ཐུབ་པའི་དཀའ་ལས་རྒྱག་དགོས།
སྔ་མོ་དུས་རབས་ ༨ ནང་ཆོས་རྒྱལ་བཀའ་དྲིན་ཅན་གྱིས་དབུ་ཁྲིད་འོག་ཁྱིམ་མཚེས་རྒྱལ་ཁབ་ཚོའི་མཁས་དབང་དེ་འདྲ་གདན་འདྲེན་ཞུས་ནས་ཚོགས་འདུ་ཚོགས་པ་དེ་འདྲ་བྱུང་བ་རེད། ད་ཆ་དུས་རབས་ ༢༡ ནང་སླེབ་ཡོད་སྟབས་འཚོགས་རྒྱུ་ཧ་ཅང་སྟབས་བདེ་པོ་ཆགས་ཡོད། སྔ་མོ་ཡིན་ན་ཧ་ཅང་དཀའ་ལས་ཁག་པོ་རེད། འཛོམས་རྒྱུ་ཁག་པོ་རེད། དེང་སྐབས་ལས་སླ་པོ་རེད། དེར་བརྟེན་ད་དུང་གནའ་རབས་ཀྱི་རིག་གཞུང་རྙིང་པ་ཞིག་ཡོད་པ་དེའི་ཐོག་དེང་སང་གི་རིག་གསར་ཐོག་ནས་ལེགས་བཤད་ལེན་རྒྱུ་གང་འདུག དེ་དག་གི་ཐོག་མུ་མཐུད་ཉམས་ཞིབ་བྱེད་ཐུབ་ན། ཞེས་ངོས་ཀྱི་སྔོན་མ་ནས་དེ་ལྟར་བཤད་ཀྱི་ཡོད། མཁྱེན་སོང་ངམ། ཞེས་དང་།
གཞན་ཡང་མགོན་པོ་གང་ཉིད་མཆོག་གིས། ངོས་ཀྱིས་རྒྱུན་དུ་བཤད་ཀྱི་ཡོད། བོད་ནང་གི་རྒྱ་ཆེའི་མི་མང་དེ་དག་བོད་ཀྱི་དོན་གྱི་བདག་པོ་རེད། དུས་ད་ལྟ་བར་དུ་འཛམ་གླིང་འདིར་བོད་ཅེས་མངོན་ཐུབ་པའི་མ་རྩ་ལྟ་བུ་ནི་བོད་རྒྱ་ཆེའི་མི་མང་རེད། ཁྱོད་རང་ཚོས་སེམས་ཤུགས་རི་བཞིན་བཙུགས་ཏེ་ཧ་ཅང་བརྟན་པོ་བྱས་པ་རེད། ཞེད་སྣང་དང་སྲོག་གི་ཉེན་ཁ་ཡང་ཡོད། དེ་ལྟ་བུའི་དཀའ་ངལ་གྱི་འོག་ནས་ཁྱེད་རང་ཚོ་མི་རིགས་ཀྱི་ཞེན་ཁོག་ཧ་ལས་པ་བྱས་ཏེ་བསྡད་འདུག
དེ་བཞིན་སངས་རྒྱས་པའི་ཆོས་ལ་དད་པ་བྱས་པ་དང་། བར་སྐབས་ནས་སློབ་གཉེར་བྱ་རྒྱུ་ཡང་ཤུགས་ཆེ་རུ་འགྲོ་བ་ཞིག་ཆགས་ཀྱི་འདུག གང་ལྟར་གཞིས་ལུས་རྒྱ་ཆེའི་མི་མང་དེ་ང་ཚོ་བོད་ཀྱི་དོན་གྱི་བདག་པོ་རེད། འདས་པའི་ལོ་སྟོང་ཕྲག་རིང་ལ་ང་ཚོ་བོད་མི་རིགས་ཞེས་ཆབ་སྲིད་ཀྱི་སྒང་ལ་དར་རྒུད་སྣ་ཚོགས་ཤིག་བྱུང་ཡོད་ཀྱང་། མི་རིགས་དང་རིག་གཞུང་། སྐད་ཡིག་བཅས་འདས་པའི་ལོ་སྟོང་ཕྲག་གཉིས་ཙམ་རིང་གནས་པ་རེད། ང་ཚོས་ཆོས་རྒྱལ་མེས་དབོན་རྣམ་གསུམ་ཞེས་བརྗོད་པའི་དུས་ཚོད་ལ་བོད་དེ་ཨ་རིའི་གཙུག་ལག་སློབ་གྲྭ་ཆེན་མོའི་མཁས་པ་ཞིག་གིས་ཞིབ་འཇུག་བྱས་ཡོད། གཙོ་བོ་རྒྱ་ཡིག་ལ་གཞི་བཞག་ནས་ཞིབ་འཇུག་བྱས་ཏེ་དེབ་ཅིག་བཏོན་འདུག དེའི་ནང་དུ་དུས་རབས་བདུན་པ་དང་བརྒྱད་པ། དགུ་པ་བཅས་ལོ་སུམ་བརྒྱ་ལྷག་གི་རིང་ཨེ་ཤི་ཡའི་ནང་དུ་རྒྱལ་པོ་ཡོད་པའི་སྟོབས་ཆེན་རྒྱལ་ཁབ་རྒྱ་ནག་དང་སོག་པོ། བོད་བཅས་གསུམ་བྱུང་འདུག
རྒྱ་ནག་གིས་ཆབ་སྲིད་དང་སོག་པོས་དམག་གི་ཐོག བོད་ཀྱི་རྒྱལ་པོས་ཆོས་ཕྱོགས་ཀྱི་ཐོག་ལ་དོ་སྣང་ཆེན་པོ་བྱས་འདུག་ཅེས་ལོ་རྒྱུས་ཉམས་ཞིབ་བྱས་ཏེ་ཐོན་འདུག ངོས་ཀྱི་་ངོ་ཤེས་པའི་རྒྱ་མི་མཁས་དབང་ལོ་རྒྱུས་ལ་ཉམས་ཞིབ་བྱེད་མཁན་ཞིག་ཡོད། ངེད་གཉིས་ཚར་མང་པོ་ཐུག་པ་རེད། ཁོང་གིས་རྒྱ་ཡིག་གི་ཡིག་ཆའི་ནང་དུ་ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐབས་ཀྱི་རྒྱ་ནག་རྒྱལ་པོ་གོང་མ་ཐང་ནས་མར་མན་ཇུ་གོང་མ་བར་དུ་ལོ་བརྒྱ་ཕྲག་ཁ་ཤས་རིང་གི་རྒྱ་ཡིག་ཡིག་ཆའི་ནང་དུ་བོད་རྒྱ་ཁུངས་ཡིན་པ་མི་འདུག
བོད་རྒྱ་ཁུངས་ཡིན་པའི་ཁུངས་སྐྱེལ་བའི་ཡིག་ཆ་དེ་དག་བོད་ཀྱི་ཡི་གེ་རེད་ཅེས་ཟེར། ང་ཚོ་བོད་ཀྱི་མི་ཆེན་བླ་ཆེན་དེ་ཚོ་ནང་ཁུལ་མ་འཆམ་པར་རྒྱ་ནག་གོང་མའི་རྒྱབ་སྐྱོར་བཙལ་ནས་རྒྱ་ནག་གོང་མའི་ལྷ་འབངས་ཡིན་ཟེར་བ་ལྟ་བུ་དང་། དཔེར་ན་སྐུ་མདུན་སྐུ་གོང་མའི་༸ཞལ་གདམས་ནང་དུ་དེ་ལྟ་བུ་ཞིག་ཡོང་བ་ཡོད། ཨིན་ཇིས་བཙན་འཛུལ་ཡོང་བའི་སྐབས་སུ་རྒྱ་ནག་ལ་ཕེབས་ནས་གོང་མ་ཡུམ་སྲས་ལ་བདེ་སྡུག་ཞུ་རུ་བཅར་བ་ཡིན་ཞེས་པ་ཞིག་མི་འདུག་གམ། དེ་སྔ་ངོས་ཀྱི་དྲན་པ་དེ་༸རྒྱལ་མཆོག་བདུན་པ་བསྐལ་བཟང་རྒྱ་མཚོའི་སྐབས་སུ་དཔོན་པོ་མི་དབང་གིས་རྙོག་དྲ་ཅུང་བཟོས་པའི་སྐབས་སུ་རྒྱ་ནག་གོང་མ་ལ་འབྲེལ་བ་གནང་སྟེ། གོང་མས་ཁྲིམས་ཞིབ་པ་ལྟ་བུ་ཡར་བཏང་ནས་རྗེས་སུ་ང་ལུམ་སྦྱར་གསུམ་བསད་པ་སོགས་བྱུང་བ་རེད།
རྒྱ་མིས་དེས་བོད་རྒྱ་ཁུངས་ཡིན་པའི་སྒྲུབ་བྱེད་བཀོད་པ་དེ་ཚོ་གཙོ་བོ་གུང་ཁྲན་ཏང་དང་གོ་མིང་ཏང་གཉིས་ཀས་བོད་ཡིག་བེད་སྤྱོད་གཏོང་གི་འདུག རྒྱ་ཡིག་ནང་དུ་ཁྱོན་ནས་མི་འདུག་ཅེས་ཟེར། གང་ལྟར་བོད་མི་རིགས་དེ་གཞན་དང་མི་འདྲ་བའི་མི་རིགས་ཤིག་རེད། ང་ཚོ་ཆོས་ཕྱོགས་ཀྱི་ཐོག་ནས་བོད་ཁ་བ་གངས་ཅན་འཕགས་པ་སྤྱན་རས་གཟིགས་ཀྱི་གདུལ་ཞིང་ཡིན། སངས་རྒྱས་བཅོམ་ལྡན་འདས་རང་གིས་ལུང་བསྟན་པའི་ལུང་པ་ཞིག་ལ་ཡིད་ཆེས་བྱེད་ཀྱི་ཡོད།
ངོས་རང་བཙན་བྱོལ་ལ་སླེབས་ནས་ལོ་ ༥༨ ཕྱིན་འདུག སྐུ་མདུན་༸སྐུ་གོང་མ་དགུང་ལོ་ ༥༩ བཞུགས་པ་རེད། ཕལ་ཆེར་སྐུ་མདུན་༸སྐུ་གོང་མའི་མི་ཚེ་ལྟ་བུ་ཞིག་ང་ཚོ་བཙན་བྱོལ་ལ་བསྡད་པ་རེད། ད་ལོ་ ༨༢ སླེབ་ཡོད། ད་ལྟ་གཟུགས་པོ་ཧ་ཅང་ཡག་པོ་ཡོད། མཁྱེན་སོང་ངམ། བར་སྐབས་ནས་ཐང་ཆད་རྒྱུ་ཕྲན་བུ་སྡུག་ཏུ་ཕྱིན་འདུག་མ་གཏོགས་གཞན་གཟུགས་པོའི་མ་རྩ་ཡག་ཐག་ཆོད་ཡོད། ཁྱོད་རང་ཚོས་བློ་བདེ་བོ་བྱོས། རྒྱ་ནག་ལ་ག་ལེར་ག་ལེར་འགྱུར་བ་ཏན་ཏན་འགྲོ་གི་རེད་བསམ་གྱི་འདུག སྔ་མོ་ཞིས་ཅིན་ཕིན་གྱིས་པེ་རི་སུ་དང་ལྡི་ལིར་ནང་པའི་ཆོས་དེ་རྒྱ་ནག་གི་རིག་གཞུང་ནང་དུ་གལ་ཆེན་པོ་ཞིག་ཡིན་ཞེས་བཤད་ཡོད། ཞིས་ཅིན་ཕིན་གྱི་ཨ་མ་ནང་པ་རེད། ཁོ་རང་གི་བཟའ་ཟླ་དེའང་ནང་པ་ཡིན་པ་ལྟ་བུ་འདུག རྒྱ་ནག་ནང་དུ་དེང་སང་ནང་པ་ས་ཡ་བཞི་བརྒྱ་ལྷག་ཡོད་པ་བཤད་ཀྱི་འདུག ཕལ་ཆེར་རྒྱ་ནག་ནང་དུང་ཕྱུར་བཞི་ཙམ་འདུག ནང་པ་ཧ་ཅང་མང་པོ་འཕེལ་ཡོང་གི་འདུག དེར་བརྟེན་འགྱུར་བ་འགྲོ་བའི་རེ་བ་ཏན་ཏན་ཡོད། ཁྱོད་རང་ཚོ་སེམས་ཤུགས་མ་ཆགས་པར་སེམས་སྐྱིད་པོ་བྱས་ནས་སྡོད། ཅེས་སོགས་ཀྱི་བཀའ་སློབ་སྩལ།།