༢༠༡༧ ཟླ་ ༡༡ ཚེས་ ༡༥ རེས་གཟའ་ལྷག་པ།
༄༅། །ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག་ཕྱི་ལོ་ ༢༠༡༧ ཟླ་ ༡༡ ཚེས་ ༡༦ ནས་ཁེ་ན་ཌ་དང་ཨ་རི་བཅས་པར་གཞུང་དོན་ཕྱོགས་ཕེབས་གནང་གཏན་འཁེལ་འདུག
དེ་ཡང་བཀའ་བློན་མཆོག་ཕྱི་ལོ་ ༢༠༡༧ ཟླ་ ༡༡ ཚེས་ ༡༦ ཉིན་གྱི་ཕྱི་དྲོ་རྡ་ས་ནས་ལྡི་ལིར་སྤྱི་སྤྱོད་རླངས་འཁོར་བརྒྱུད་ཕེབས་ཐོན་གྱིས་ཕྱི་ཚེས་ ༡༧ ཉིན་གྱི་སྔ་དྲོ་ལྡི་ལི་ནས་ཁེ་ན་ཌའི་གྲོང་ཁྱེར་ཊོ་རོན་ཊོར་ Toronto མཁའ་ལམ་བརྒྱུད་ཕེབས་ཐོན་གནང་རྒྱུ་དང་།
ཕྱི་ཚེས་ ༡༨ ཉིན་ཊོ་རོན་ཊོར་ཕེབས་འབྱོར་གྱིས་ཕྱི་ཚེས་ ༢༠ ཉིན་དཔལ་ལྡན་སྲིད་སྐྱོང་མཆོག་དང་ལྷན་ཊོ་རོན་ཊོ་ནས་གྲོང་ཁྱེར་ཨོ་ཊ་ཝར་ Ottawa མཁའ་ལམ་བརྒྱུད་ཕེབས་ཐོན་གྱིས་ཕྱི་ཚེས་ ༢༡ དང་ ༢༢ ཉིན་ས་གནས་སུ་ལས་འཆར་སྤེལ་རྒྱུ་ཡིན་འདུག
དེ་ནས་ཕྱི་ཚེས་ ༢༣ ཉིན་གྱི་སྔ་དྲོ་ཨོ་ཊ་ཝ་ནས་ཨ་རི་ཤི་ཀ་ཁོར་ Chicago མཁའ་ལམ་བརྒྱུད་ཕེབས་ཐོན་གྱིས་ས་གནས་སུ་གཞུང་འབྲེལ་ལས་དོན་རྣམས་ཡོངས་སུ་གྲུབ་རྗེས་ཕྱི་ཚེས་ ༢༤ ཉིན་གྱི་སྔ་དྲོ་ཁུལ་དེ་ནས་མེ་ཌི་སན་ Madison དུ་སྣུམ་འཁོར་བརྒྱུད་ཕེབས་ཐོན་གྱིས་ཕྱི་དྲོ་ཆུ་ཚོད་ ༥ ཐོག་ས་གནས་བོད་རིགས་མང་ཚོགས་ལ་ཐུག་འཕྲད་གནང་རྒྱུ་ཡིན་འདུག
ཕྱི་ཚེས་ ༢༥ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠ ཐོག་ས་གནས་གཟའ་མཇུག་སློབ་གྲྭར་གཟིགས་སྐོར་དང་ཕྱི་དྲོ་མེ་ཌི་སན་ནས་མི་ནི་པོ་ལིས་ Minneapolis སྣུམ་འཁོར་བརྒྱུད་ཕེབས་ཐོན་གྱིས་ས་གནས་སུ་གཞུང་འབྲེལ་ལས་དོན་ཡོངས་སུ་གྲུབ་མཚམས།
ཕྱི་ཚེས་ ༢༦ ཉིན་གྱི་སྔ་དྲོ་ཁུལ་དེའི་གཟའ་མཇུག་སློབ་གྲྭར་གཟིགས་སྐོར་གནང་རྒྱུ་དང་།
དེ་ནས་ཨ་རི་སྐུ་ཚབ་དོན་གཅོད་གསར་རྙིང་རྩིས་སྤྲོད་རྩིས་ལེན་ཆེད་ཕྱི་ཚེས་ ༢༧ ཉིན་མི་ནི་སོ་ཊ་ནས་ Minnesota ཝ་ཤིང་ཊོན་(ཌི་སི)དུ་ Washington DC མཁའ་ལམ་བརྒྱུད་ཕེབས་ཐོན་གནང་རྒྱུ་དང་། ཕྱི་ལོ་ ༢༠༡༧ ཟླ་ ༡༢ ཚེས་ ༡ ཉིན་ཨ་རི་སྐུ་ཚབ་དོན་གཅོད་ཀྱི་འགན་འཁུར་དབུ་འཛུགས་གནང་རྒྱུ་ཡིན་པ་བཅས།།