༢༠༡༧ ཟླ་ ༡༡ ཚེས་ ༤ རེས་གཟའ་སྤེན་པ།
༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༡༡ ཚེས་ ༤ རེས་གཟའ་སྤེན་པའི་སྔ་དྲོ་ཆུ་ཚོད་ ༡༠ ཙམ་ལ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དརྨ་ཤཱ་ལའི་གཞུང་གི་མཐོ་སློབ་ཚོགས་ཁང་དུ། ཆོས་དང་ཚན་རིག འཛམ་གླིང་ཞི་བདེ། ཞེས་པའི་རྒྱལ་སྤྱིའི་ལྷན་ཚོགས་ཀྱི་སྐུ་མགྲོན་གཙོ་བོར་ཆིབས་སྒྱུར་བསྐྱངས་ནས་བཀའ་སློབ་སྩལ་བསྟུན། བོད་མི་ཚོགས་བཅར་བ་མི་ཉུང་བ་ཞིག་ཡོད་པར་ཐུགས་ཞིབ་མཛད་རྗེས་དམིགས་བསལ་བོད་མི་ཚོར་བོད་སྐད་ཐོག་ནས་བཀའ་སློབ་སྩལ་དོན། ང་ཚོ་བོད་པ་ཆོས་ཕྱོགས་ཐོག་ནས་བཤད་ན་འཕགས་པ་སྤྱན་རས་གཟིགས་ཀྱི་གདུལ་ཞིང་རེད།
དངོས་ཡོད་ལོ་རྒྱུས་ཀྱི་ཐོག་ནས་རྩི་བ་ཡིན་ནའང་དུས་རབས་ ༧།༨།༩ སྐབས་དེ་དག་ཏུ་བོད་གངས་ཅན་གྱི་ཆོས་རྒྱལ་ཚོ་ཧ་ལས་པ་རེད་འདུག ང་རང་ཚོར་བོད་ཡིག་ཟུར་དུ་ཡོད། དེ་རིང་ཁ་སང་བོད་ཡིག་འདི་འཛམ་གླིང་སྟེང་སེམས་ཁམས་རིག་པ་དང་ཚད་མ་རིག་པའི་སྐོར་འགྲེལ་བཤད་རྒྱག་དགོས་བྱུང་ན་བོད་སྐད་འདི་ཡག་ཤོས་རེད་འདུག འདི་ངོས་ཀྱིས་དངོས་སུ་ཉམས་མྱོང་ཐོག་ནས་ཞུ་བཞིན་ཡོད། ལེགས་སྦྱར་སྐད་དེ་ད་ཆ་མཁས་དབང་རེ་ཟུང་མ་གཏོགས་ཤེས་མཁན་མི་འདུག ཧིན་སྐད་ནི་དེ་ཙམ་འབྲེལ་བ་མེད། དེ་བཞིན་ཨིན་སྐད་དང་རྒྱ་ཡིག་ནང་ཡོང་ཐབས་མེད། དེར་བརྟེན་དཔལ་ནཱ་ལེནྜའི་ཆོས་བརྒྱུད་བོད་མི་ཚོས་ད་བར་བདག་པོ་བརྒྱབ་པ་དེ་དག་འཛམ་གླིང་འདིའི་སྟེང་ང་ཚོས་ཧ་ཅང་སྤོབས་པ་ཆེན་པོའི་ཐོག་ནས་སྟོན་ཐུབ་པ་ཞིག་དང་འགྲེལ་བཤད་རྒྱག་ཐུབ་རྒྱུ་ཡོད་པ། དེའི་འགྲེལ་བཤད་ཆ་ཚང་བ་ཞིག་བོད་སྐད་ཁོ་ནའི་ཐོག་ནས་མ་གཏོགས་མེད། འདི་ང་ཚོ་མི་རིགས་ཀྱི་སྤོབས་པ་བྱེད་འོས་པ་ཆགས་ཡོད། བོད་ལ་སོ་སོའི་རིག་གཞུང་འདི་ལྟ་བུ་ཞིག་ཡོད་པ་དང་། བོད་མིར་མཚོན་ནའང་དཀའ་ངལ་མང་པོ་མྱངས་མྱོང་མཁན་གྱི་མི་རིགས་ཤིག་རེད། ད་ལྟ་ཡིན་ནའང་འདས་པའི་ལོ་ ༦༠ ནང་དཀའ་ངལ་ཧ་ཅང་འཕྲད་ཡོད། བོད་མི་རིགས་ཀྱི་སྙིང་སྟོབས་དང་བོད་མི་རིགས་ཀྱི་སྤོབས་པ་དེ་རླག་མེད།
རྒྱ་རིགས་འགོ་ཁྲིད་བསམ་བློ་ཏོག་ཙམ་གུ་དོག་པོ་ཡོད་པ་དེ་ཚོའི་གྲས་ཀྱང་ད་ཆ་ལོ་ ༦༠ ཕྱིན་པའི་རྗེས་སུ་བོད་དོན་ཐོག་ལ་སྲིད་བྱུས་འཛིན་རྒྱུ་དེར་ད་ཇི་འདྲ་བྱེད་ཡོང་བསམས་ནས་བསམ་བློ་གསར་པ་ཞིག་གཏོང་དགོས་རྒྱུའི་མཚམས་ལ་སླེབ་ཀྱི་འདུག འདི་བོད་མི་རིགས་ཀྱི་སྙིང་སྟོབས་དང་ལྷག་བསམ་གྱི་ནུས་པ་ཐོན་པ་ཞིག་རེད། ལྷག་པར་ང་ཚོས་མཐའ་གཅིག་ཏུ་འཚེ་མེད་ཞི་བའི་ལམ་ཐོག་ཤར་བསྐྱོད་བྱེད་བཞིན་ཡོད། ང་ཚོས་གསོད་རྒྱུ་ཡིན། གཏུབ་རྒྱུ་ཡིན། ཞེས་ཟེར་གྱི་མེད། ང་ཚོས་རྒྱ་མི་རིགས་དང་ལྷན་འཆམ་པོ་བྱས་ནས་མཉམ་མཐུན་བྱས་ནས་སྡོད་ཐུབ་རྒྱུའི་ཐོག་བསམ་བློ་གཏོང་བཞིན་ཡོད།
ང་ཚོ་བཙན་བྱོལ་བ་ཆགས་ཡོད་ཀྱང་གོ་སྐབས་འདི་ང་ཚོ་བོད་མི་རིགས་ཀྱི་སྙིང་སྟོབས་དང་སྤུས་ཚད་དེ་ང་ཚོས་འཛམ་གླིང་ཐོག་བསྟན་ཐུབ་ཀྱི་རེད། ཁྱེད་རང་ཚོ་སྤོབས་པ་ཆེན་པོ་བྱས་ནས་སྡོད་དགོས། ཡང་སྤོབས་པ་བྱོས་ཟེར་སྐབས་ང་རྒྱལ་བྱས་ནས་སྨྱོ་རྟགས་སྟོན་རྒྱུ་མེད། ང་ཚོས་སེམས་གཏིང་ནས་སྤོབས་པ་བྱེད་དགོས། སུ་གཅིག་ལའང་འཇིགས་མི་དགོས་པ་དང་ཞུམ་མི་དགོས་པ་ཞིག་ཆགས་ཡོད། གནའ་རབས་ཀྱི་ཤེས་ཡོན་གོང་དུ་ངོས་ཀྱིས་བརྗོད་པ་ལྟར་རེད། སྔ་མོ་ང་ཚོས་རྒྱ་གར་ནས་ལེགས་བཤད་དེ་དག་སྦྱངས་པ་རེད། ད་ཆ་རྒྱ་གར་ནང་ལེགས་བཤད་དེ་དག་མེད། རྒྱ་གར་གནའ་རབས་ཀྱི་ནང་ཆོས་ལེགས་བཤད་དེ་དག་བོད་པ་ཁོ་ན་ལས་མེད།
དཔལ་ནཱ་ལེནྡྲ་ནས་བརྒྱུད་པའི་སེམས་ཁམས་རིག་པ་དང་ཚད་མ་རིག་པ་དེ་དག་བོད་ལ་མ་གཏོགས་མེད། ལེགས་བཤད་དེ་དག་ད་ཆ་འཛམ་གླིང་གི་གཅེས་ནོར་ལྟ་བུ་ཆགས་ཡོད། དེར་བརྟེན་ང་ཚོ་བོད་རིགས་གཞོན་སྐྱེས་ཚོར་དེང་དུས་ཀྱི་ཤེས་ཡོན་ཡོད་པའི་ཐོག་ང་ཚོ་བོད་མི་རིགས་ཀྱི་ལོ་ངོ་སྟོང་ཕྲག་རིང་ནས་ཡོད་པའི་ལེགས་བཤད་དེ་དག་ལྡན་པའི་འདབ་ཆགས་ཤོག་པ་གཉིས་ལྡན་ཞིག་བྱེད་དགོས། འདི་འདྲ་བྱུང་བ་ཡིན་ན་ང་ཚོས་འཛམ་གླིང་སྟེང་ནམ་འཕང་གཅོད་ཐུབ་པ་ཞིག་ཏན་ཏན་ཡོང་རྒྱུ་རེད། ལོ་ཤས་གོང་བོད་ནས་ཡེ་གེ་བྲིས་པ་ཞིག་ངོས་ཀྱིས་མཐོང་བྱུང་། དེའི་ནང་དེང་སྐབས་ཆབ་སྲིད་ཀྱི་ཐོག་ནས་རྒྱ་ནག་གིས་བོད་ལ་ཚུར་དབང་སྒྱུར་བྱེད་ནས་ཡོད། འོན་ཀྱང་མ་འོངས་པར་ང་ཚོས་ཆོས་དང་རིག་གཞུང་ཐོག་ནས་རྒྱ་ནག་ལ་ཕར་དབང་སྒྱུར་ཐུབ་པ་ཞིག་ཡོང་རྒྱུ་རེད། ཅེས་བྲིས་འདུག འདི་འདྲ་ཞིག་ཏན་ཏན་ཡོང་སྲིད་པ་ཞིག་རེད། འོན་ཀྱང་དེ་འདྲ་ཞིག་ཡོང་བར་ང་ཚོར་ཕྱོགས་གཅིག་ནས་སྤོབས་པ་དགོས། གཉིས་ནས་དེང་དུས་ཀྱི་ཤེས་ཡོན་དེ་དག་ཡོད་དགོས། ཞེས་བཀའ་སློབ་སྩལ།
ལྷན་ཚོགས་གོ་སྒྲིག་ཞུ་མཁན་རྒྱ་གར་ཧིན་དུ་ཆོས་ལུགས་ཀྱི་རིག་བྱེད་མཐའ་པའི་ལྟ་གྲུབ་རྗེས་འཛིན་པ་བྷཀྟི་ཝེ་དཱནྟ་ Bhakti Vedanta ཞེས་པ་ཡིན་འདུག བསྟི་གནས་ཁང་དེ་ནི་ཧར་ཡ་ན་ Haryana མངའ་སྡེའི་ནང་རྟེན་གཞི་བྱས་པ་ཞིག་ཡིན་འདུག་པ་བཅས།།