༢༠༡༧ ༡༡ ཚེས་ ༡༢ རེས་གཟའ་ཉི་མ།
༄༅། །འདི་གར་བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་ཀ་ཉག་ཚེ་རིང་ལགས་དང་དང་བློ་བཟང་ཡེ་ཤེས་ལགས་གཉིས་ཀྱིིས་ཕྱི་ལོ ༢༠༡༧ ཟླ་ ༡༡ ཚེས་ ༡༡ ཉིན་བཏང་གནས་ནང་འཁོད་དོན། ཕྱི་ལོ་༢༠༡༧ ལོའི་༡༠ ཚེས་༢༦ ཉིན་གྱི་བོད་ནང་གི་ཕྱི་དྲོའི་ཆུ་ཚོད་ ༥ པའི་ཐོག་བོད་མདོ་སྨད་རྒྱལ་རོང་ཚོ་བདུན་ཀིརྟི་དགོན་དུ་ཀིརྟི་ཚང་གི་གདན་ས་གོང་འོག་གིས་གཙོས་ཆོས་བརྒྱུད་གྲུབ་མཐའ་རིས་མེད་ཀྱི་ཚད་མའི་དགུན་ཆོས་ཆེན་མོ་ཐེངས་བཅུ་གཅིག་པ་དབུ་འཛུགས་ཀྱིས་ཕྱི་ཟླ་ ༡༡ ཕྱི་ཚེས་ ༡༠ ཉིན་མཚན་ཕུད་དམ་བཅའ་ཆེན་མོ་ཉིན་བཅུ་དྲུག་རིང་ཚོགས་ནས་ཡོངས་སུ་ལེགས་པར་གྲུབ་ཡོད་འདུག
དེ་ཡང་ཕྱི་ལོ་ ༢༠༠༧ ལོར་གསར་དུ་ཚུགས་པའི་ཚད་མའི་དགུན་ཆོས་ཆེན་མོ་འདི་ནི་༸སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་བཀའ་དགོངས་ལམ་སྟོན་བཞིན་ཀིརྟི་ཚང་གི་གདན་ས་ཆེ་ཁག་(སྟག་ཚང་ལྷ་མོ་ཀིརྟིའི་དགོན། རྔ་པ་ཀིརྟིའི་དགོན། ཚོ་བདུན་ཀིརྟིའི་དགོན། ཧོར་ཚང་ཀིརྟིའི་དགོན།) བཞི་ལ་ལོ་ལྟར་རེས་མོས་ཀྱི་འཚོགས་བཞིན་ཡོད་ཅིང་། འདི་ནི་ཀིརྟིའི་དགོན་ཁག་གིས་གཙོས་རིས་སུ་མ་ཆད་པའི་དགོན་སྡེ་ཁག་གི་སློབ་གཉེར་བ་རྣམས་ཀྱི་རྩོད་རིགས་ཡར་རྒྱས་དང་རྒྱ་བོད་ཀྱི་ཚད་མའི་གཞུང་ཆེན་ཁག་ལ་ཐོས་བསམ་སྒོམ་པ་གོང་འཕེལ་གྱིས་རྒྱལ་བསྟན་ཪིན་པོ་ཆེ་འཛིན་སྐྱོང་སྤེལ་གསུམ་ཚད་དང་ལྡན་པ་གནང་ཐབས་ཁོ་ནར་དམིགས་པའི་ཚད་མའི་ཆོས་ཐོག་ཅིག་ཡིན་ནའང་།
སྐབས་མང་པོར་རྒྱ་ནག་གཞུང་གིས་ཆབ་སྲིད་ཀྱི་དོགས་གཞིའི་འོག་གནས་ཚུལ་འདྲ་མིན་ལ་ཁ་གཡར་ནས་བཀག་འགོག་བྱས་རྐྱེན་འཆར་གཞི་དང་འགྲོ་ལུགས་ཇི་བཞིན་ཚོགས་མ་ཐུབ་པའང་ཐེངས་མང་པོ་བྱུང་ཡོད།
ཆོས་ཐོག་འདི་ནི་ཉིན་གྲངས་ཉི་ཤུའི་རིང་འཚོགས་རྒྱུའི་ཉི་ཤུའི་ཆོས་ཐོག་ཅིག་ཡིིན་ནའང་། ད་ལོ་རྒྱ་གཞུང་གི་ཚོགས་ཆེན་གྱི་རྐྱེན་གྱིས་ཉིན་བཞི་ཕྱི་སྣུར་གྱིས་འཚོགས་དགོས་བྱུང་ཡོད་འདུག
དེར་ཕེབས་སློབ་གཉེར་པ་རྣམས་ཕྱོགས་སྒྲའི་འཛིན་གྲྭ་ནས་བདེན་གཉིས་འཛིན་གྲྭའི་བར་འཛིན་གྲྭ་བཅུ་གཉིས་ལ་ཁག་བགོས་པ་དང་། བདུན་རེའི་མཚམས་སུ་མཚན་ཕྱེད་དམ་བཅའ་རེ་དང་དགུན་ཆོས་ཀྱི་མཐའ་མའི་ཉིན་སྟེ་བོད་ཟླ་དགུ་བའི་ཚེས་༢༢ རྒྱལ་བ་ལྷ་ལས་བབ་པའི་དུས་ཆེན་གྱི་མཚན་མོར་མཚན་ཕུད་དམ་ཆེན་མོ་བཅས་འཚོགས་བཞིན་པ་དང་། ད་ལོ་ཀིརྟིའི་ཤེས་ཡོན་འགའ་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ་དང་རྒྱལ་རོང་ཚོ་བདུན་ཀིརྟི་དགོན་ཀྱི་ཁྲི་རིན་པོ་ཆེ་མཆོག་གིས་དབུས་ལས་ཀྱི་སྣེ་མོ་བ་རྣམ་པ་དང་ཚད་མའི་དགུན་ཆོས་ཆེན་མོའི་གོ་སྒྲིག་ཚོགས་ཆུང་། གཞན་ཡང་རྒྱལ་རོང་ཚོ་བདུན་ཀིརྟི་དགོན་གྱི་དགེ་འདུན་པ་སྒེར་དང་དད་ལྡན་མང་ཚོགས་བཅས་ཀྱིས་ཉི་ཤུའི་ཆོས་ཐོག་འདིའི་རིང་གི་དགེ་འདུན་པ་རྣམས་ཀྱི་བཞུགས་ཡུལ་དང་ཞལ་ལག་སོགས་མཐུན་རྐྱེན་གང་ལེགས་བསྒྲུབས་ཡོད་འདུག་པ་དང་།
ཐེངས་འདིའི་ཚད་མའི་དགུན་ཆོས་ལ་ཀིརྟི་ཚང་གི་གདན་ས་ཆེ་ཁག་བཞི་གའི་ཁྲི་པ་དང་། མཁན་པོ། དཔེ་ཁྲིད་དགེ་རྒན་དང་སློབ་གཉེར་བ་རྣམ་པ། དེ་མིན་མདོ་སྟོད་སྨད་ནས་སེར་བྱེས་དགེ་བཤེས་ལྷ་རམས་པ་ཡ་མ་བསོད་ནམས་ལགས་དང་། འབྲས་བློ་གླིང་དགེ་བཤེས་ལྷ་རམས་པ་ཕ་ར་རིག་འཛིན་ལགས། དགའ་ཤར་དགེ་བཤེས་ལྷ་རམས་པ་ཨ་མཆོག་ཀླུ་སྒྲུབ་བཟོད་པ་ཆེ་ཆུང་གཉིས། སེར་སྨད་དགེ་བཤེས་ལྷ་རམས་པ་བསོད་ནམས་རྡོ་རྗེ། སྒོ་མང་དགེ་བཤེས་ལྷ་རམས་པ་འཇམ་དཔར་བསྟན་འཛིན། སེར་བྱེས་དགེ་བཤེས་ལྷ་རམས་པ་འཕྲིན་ལས་ཐོགས་མེད། དགའ་ཤར་དགེ་བཤེས་ལྷ་རམས་པ་ཨ་མཆོག་ཀླུ་སྒྲུབ་རྒྱ་མཚོ། སེར་བྱེས་དགེ་བཤེས་ལྷ་རམས་པ་ཡ་མ་བཟང་པོ། བློ་གླིང་དགེ་བཤེས་བསོད་ནམས་བཀྲ་ཤིས། དགའ་ཤར་དགེ་བཤེས་ཨ་མཆོག་སྐལ་བཟང་རྣམ་རྒྱལ། གཞིས་ཀྱི་དགེ་བཤེས་གྲྭ་སྐོར་པ་རོང་པོ་དཔལ་ལྡན། ཇོ་ནང་དགེ་བཤེས་དངོས་གྲུབ་དཔལ། ལི་ཐང་རབ་གསལ། ལི་ཐང་དགོན་གྱི་དགེ་རྒན་འཕེལ་རྒྱས་བཅས་དང་།
གཞན་ཡང་མཚན་ཉིད་སློབ་གཉེར་ཡོད་པའི་དགོན་སྡེ་ཁག་ནས་དཀར་མཛེས་དགོན་དང་། མགར་ཐར་དགོན། བྱམས་མེ་དགོན། ཇོ་ནང་གཙང་དགོན། ཇོ་ནང་ཆོས་ཐང་དགོན། སྟོང་སྐྱབས་དགོན། རྫ་དབོན་པོ་དགོན། གཉན་རྩེ་དགོན། ཨ་འདུས་དགོན་གོང་འོག་གཉིས། ཨ་མཆོག་མཚན་ཉིད་དགོན། དངུལ་རའི་དགོན། ནུར་མའི་དགོན་སོགས་ནས་དཔེ་ཆ་སློབ་གཉེར་པ་གཤའ་མ་མང་པོ་ཕེབས་པའི་ཆོས་བརྒྱུད་རིས་མེད་ཀྱི་སློབ་གཉེར་པ་དང་བཀའ་རབ་འབྱམས་དགེ་བའི་བཤེས་གཉེན་གཅིག་སྟོང་སུམ་བརྒྱ་ལྷག་ལྷན་ཚོགས་ཀྱིས་རྒྱ་བོད་ཀྱི་ཚད་མའི་གཞུང་ལུགས་རྒྱ་མཚོ་ལྟ་བུ་ལ་ཐོས་བསམ་སློབ་གཉེར་གནད་དུ་སྨིན་པ་བྱུང་ཡོད་འདུག
རྒྱལ་རོང་ཚོ་བདུན་ཀིརྟིའི་དགོན་དགེ་ལྡན་བཀྲ་ཤིས་ཆོས་གླིང་འདི་ནི། མཁར་དགུའི་ཏཱ་རོ་འཇམ་དབྱངས་ཀྱིས་ཚོ་བདུན་གྱི་དགོན་ཆུང་རྣམས་གཅིག་ཏུ་བསྡུས་ཏེ་ད་ལྟའི་དགོན་པ་འདི་ཕྱག་བཏབ་མཛད། རྗེས་སུ་༸ཀིརྟི་སྐུ་ཕྲེང་བརྒྱད་པ་༸སྐྱབས་མཆོག་བློ་བཟང་འཕྲིན་ལས་ཚང་གདན་དྲངས་ནས་ཕྱི་ལོ་ ༡༨༦༨ ལོར་དགོན་འདི་ཁོང་ལ་དད་འབུར་མཛད་པ་ནས་ཀིརྟ་སྐུ་ཕྲེང་རིམ་བྱོན་གྱིས་བསྐྱངས། དགོན་སྡེ་འདིར་སློབ་སྦྱོང་གཙོ་བོ་གཞུང་ཆེན་བཀའ་པོད་ལྔ་ལ་ཐོས་བསམ་བྱེད་སའི་མཚན་ཉིད་གྲྭ་ཚང་དང་།
སྔགས་ཕྱོགས་རྒྱུད་སྡེའི་སྐོར་ལ་སློབ་གཉེར་གནང་སའི་རྒྱུད་པ་གྲྭ་ཚང་། བོད་ཀྱི་ཐུན་མིན་གསོ་བ་རིག་པར་སློབ་སྦྱོང་གནང་སའི་སྨན་པ་གྲྭ་ཚང་བཅས་དང་ད་ལྟ་དགེ་འདུན་ཞལ་གྲངས་༣༠༠ ཙམ་ཡོད་པའི་རྒྱལ་རོང་ཕྱོགས་ཀྱི་དགེ་ལུགས་པའི་དགོན་སྡེ་ཆེ་ཤོས་དེ་ཡིན་འདུག་པ་བཅས།།