༢༠༡༧ ཟླ་ ༡༡ ཚེས་ ༡༧ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༧ ལོར་ཨ་རིའི་ནང་རྟེན་གཞི་བྱས་པའི་རང་དབང་ཁང་པ་ Freedom House ཞེས་པས་ ༢༠༡༧ ལོའི་དྲ་རྒྱའི་རང་དབང་། ཞེས་པའི་སྙན་ཐོ་ཞིག་བཏོན་པ་ལྟར་ན། རྒྱ་ནག་གཞུང་གིས་དྲ་རྒྱའི་རང་དབང་ཐོག་བརྩི་མེད་རྡོག་རོལ་བཏང་སྟེ་ལོ་གསུམ་བསྟུད་མར་འཛམ་གླིང་ནང་དྲ་རྒྱའི་རང་དབང་ཐོག་དམ་བསྒྲགས་ཚབས་ཆེ་ཤོས་གཏོང་མཁན་གྱི་མིང་རྗེས་ངན་པ་བཞག་འདུག དམ་བསྒྲགས་ཆེ་ཤོས་ཨང་གཉིས་པ་སི་རི་ཡ་ Syria དང་། གསུམ་པ་ཨེ་ཐོ་པི་ཡ་ Ethiopia རེད།
རང་དབང་ཁང་པས་འཛམ་གླིང་གི་རྒྱལ་ཁབ་ ༦༥ ནང་གི་དྲ་རྒྱའི་རང་དབང་ཐོག་རྟོག་ཞིབ་གནང་ཡོད་པ་དང་། ཁོང་ཚོས་རྟོག་ཞིབ་གནང་སྟངས་དེ་ནི་དྲ་རྒྱ་བཀོལ་སྤྱོད་བྱེད་མཁན་ཚོས་རང་ཉིད་ལ་མཁོ་བའི་གནས་ཚུལ་དྲ་ཐོག་ཏུ་འཚོལ་ཞིབ་བྱེད་སྐབས་གཞུང་གིས་བཀག་སྡོམ་བྱས་ནས་རྩ་བ་ནས་འཚོལ་ཞིབ་མ་ཐུབ་པ་དང་། ཅི་སྟེ་རང་ཉིད་ཀྱིས་འཚོལ་ཞིབ་བྱས་པའི་གནས་ཚུལ་སོགས་གང་ཡིན་རུང་དྲ་རྒྱའི་ཐོག་གསལ་ཡང་ནང་དོན་རྒྱས་བཤད་རྣམས་ལ་གཞུང་གིས་དམ་བསྒྲགས་བྱས་རྐྱེན་ནང་དོན་ཆ་ལག་མ་ཚང་བའི་དཀའ་ངལ་འཕྲད་པ། དེ་བཞིན་དྲ་རྒྱ་བཀོལ་སྤྱོད་བྱེད་མཁན་མི་སེར་ལ་གཞུང་གིས་སུན་གཙེར་བཟོས་ནས་ཐོབ་ཐང་བརྡལ་བཤིག་བཏང་བ་སོགས་གཞུང་གི་བྱ་སྤྱོད་དེ་གསུམ་ལ་གཙོ་བོར་ཚད་འཛིན་བྱས་ནས་རྟོག་ཞིབ་གནང་འདུག
བརྒྱ་ཆ་བརྒྱ་ནས་བརྒྱ་ཆ་མཐོ་ཤོས་ཐོབ་མཁན་རྒྱལ་ཁབ་དེ་དམ་བསྒྲགས་ཆེ་ཤོས་དང་དམའ་ཤོས་ཐོབ་མཁན་དེ་རང་དབང་ཆེ་ཤོས་སུ་ངོས་འཛིན་གནང་འདུག དེ་ཡང་ཞིབ་འཇུག་སྙན་ཐོ་ལྟར་ན་ན་ནིང་ལོ་ནས་བཟུང་འཛམ་གླིང་ཁྱོན་ཡོངས་ཀྱི་དྲ་རྒྱའི་རང་དབང་ཐོག་དམ་བསྒྲགས་ཆེ་རུ་ཕྱིན་པ་དང་། ལོ་དེར་འཛམ་གླིང་གི་ལུང་པ་ཕལ་ཆེར་བརྒྱ་ཆ་ ༥༠ ཙམ་གྱི་སྲིད་གཞུང་ཁག་ནས་དྲ་རྒྱའི་ནང་གི་གནས་ཚུལ་རྣམས་ལ་དམ་བསྒྲགས་བཀག་སྡོམ་བྱས་པ་དང་། དྲ་རྒྱ་བཀོལ་སྤྱོད་བྱེད་མཁན་ཚོར་གཞུང་གིས་གསོ་ལྟ་བྱས་པ། དེ་བཞིན་སྤྱི་ཚོགས་དྲ་རྒྱའི་ཐོག་གནས་ཚུལ་རིགས་སྤེལ་བའི་ཉེས་མིང་འོག་གཞུང་གིས་དྲང་བདེན་མིན་པའི་ཁྲིམས་ཆད་བཏང་བ་སོགས་བྱུང་འདུག
རྒྱ་ནག་ནང་དྲ་རྒྱ་བེད་སྤྱོད་གཏོང་མཁན་མི་འབོར་ཧ་ལམ་ས་ཡ་ ༧༣༣ ཡོད་པ་དང་། རང་དབང་ཁང་པའི་འདས་མ་ཐག་པའི་ལོའི་ནང་དྲ་རྒྱའི་རང་དབང་རྟོག་ཞིབ་བྱེད་སྐབས་རྒྱ་ནག་ནང་གི་དྲ་རྒྱའི་རང་དབང་ཐོག་དམ་བསྒྲགས་ཚད་གཞི་དེ་བརྒྱ་ཆ་བརྒྱ་ནས་ ༨༧ ལོན་ཡོད་སྟབས་ལོ་ཡུན་དེའི་རིང་འཛམ་གླིང་ནང་ཚད་མཐོ་ཤོས་དེ་རྒྱ་ནག་ཆགས་འདུག
འོན་ཀྱང་ལོ་གཉིས་གོང་གི་གནས་སྟངས་དང་བསྡུར་བ་ཡིན་ན་ཕྲན་བུ་ཡར་རྒྱས་ཕྱིན་ཡོད་ཀྱང་འདི་ལོའི་རྒྱ་ནག་མི་དམངས་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་ ༡༩ པ་འཚོག་ལ་ཉེ་བའི་སྐབས་དེར་དམ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་སྟེ་དྲ་རྒྱའི་བེད་འཇག་གི་ཁྲིམས་གསར་པ། ཟེར་བ་ལག་བསྟར་བྱས་ནས་ཁྲིམས་གསར་པ་དེའི་འོག་དྲ་རྒྱའི་ལས་ཁུངས་ཁག་གིས་དྲ་རྒྱ་བཀོལ་སྤྱོད་མཁན་མི་སུ་དང་སུ་བསླེབས་མིན་གྱི་མིང་ངོ་མ་དེབ་འགོད་བྱ་དགོས་པ་མ་ཟད། རྒྱ་ནག་ནང་དུ་དྲ་རྒྱའི་ཚོང་ལས་ཐོག་མ་རྩ་འཛུགས་མཁན་ཕྱི་རྒྱལ་དྲ་རྒྱའི་ཚོང་ལས་ལས་ཁུངས་ཁག་གིས་མི་སེར་དཀྱུས་མ་ཚུན་ཆད་ཀྱིས་དྲ་རྒྱའི་ནང་གང་བྱེད་མིན་གྱི་གནས་ཚུལ་ཡོངས་རྫོགས་རྒྱ་ནག་གཞུང་ལ་རྩིས་སྤྲོད་བྱེད་དགོས་པའི་ཆ་རྐྱེན་དེར་བརྩི་བཀུར་བྱེད་དགོས་འདུག
རྒྱ་ནག་རང་གི་ནང་དུ་བཟོས་པའི་སྐད་འཕྲིན་མཉེན་ཆས་ WeChat app ལ་མཚོན་ནའང་དེའི་ནང་དུ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་འཁྲུངས་སྐར་དུས་ཆེན་སྲུང་བརྩི་ཞུས་པའི་གནས་ཚུལ་དང་། དེ་བཞིན་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་གྱི་འདྲ་དཔར་ལ་འཕྱ་སྨོད་བྱེད་པའི་གནས་ཚུལ་གཏོང་ལེན་སོགས་བྱས་ཚེ་ལམ་སེང་གནས་ཚུལ་དེ་དག་དྲ་ཐོག་ནས་ཕྱིར་འདོན་བྱས་པ་མ་ཟད་གནས་ཚུལ་སྤེལ་མཁན་སུ་ཡིན་རུང་རྩད་གཅོད་དོ་ནན་འོག་ནས་བཙོན་འཇུག་སོགས་བྱེད་བཞིན་ཡོད་པ་ནི་དཔེར་ན། མང་གཙོའི་ལས་འགུལ་བ་ལུ་གིན་སོང་ Lu Gensong ལ་ལོ་ ༡༡ བཙོན་འཇུག་ཁྲིམས་ཐག་བཅད་པ་དང་། ཟླ་བ་སྔོན་མའི་ནང་རྒྱ་ནག་གཞུང་གིས་སྐད་འཕྲིན་སྟེང་རང་ལུས་མེར་སྲེག་སྐོར་གྱི་བརྙན་ཐུང་གཏོང་རེས་བྱས་པའི་ཉེས་མིང་འོག་ཉུང་མཐར་བོད་མི་བདུན་འཛིན་བཟུང་བཀག་ཉར་བྱས་ཡོད་སྐོར་སྙན་ཐོའི་ནང་གསལ།
དེ་ཡང་རང་དབང་ཁང་པའི་སྙན་ཐོ་ལྟར་ན་རྒྱ་ནག་གཞུང་གིས་དྲ་རྒྱའི་ནང་དོན་ལ་རང་སྣང་གང་དྲན་གིས་འགྱུར་བཅོས་ཤུགས་ཆེ་བཏང་བ་དང་། ཕྱི་ལོ་ ༢༠༠༥ ལོ་ནས་བཟུང་རྒྱ་ནག་གཞུང་གི་འཁྱོག་བཤད་དྲིལ་བསྒྲགས་ཚན་པས་ཆེད་མངགས་གླ་རྔན་སྤྲད་ནས་གཞུང་གི་ལངས་ཕྱོགས་ལ་རྒྱབ་སྐྱོར་ཡོད་པའི་གཏམ་བཤད་སྤེལ་འཇུག་བཞིན་ཡོད། གླས་མི་དེ་དག་ལ་གཞུང་གིས་རྔན་པ་རྒྱ་སྒོར་གྱི་བརྒྱ་ཟུར་གཅིག་ 50 Cent སྤྲོད་བཞིན་ཡོད་སྟབས་ཁོ་པ་ཚོར་མིང་འདོགས་ 50 Cent Party ཞེས་ཐོགས་ཡོད། ཅེས་གསལ།
འཛམ་གླིང་ནང་དྲ་རྒྱ་བེད་སྤྱོད་གཏོང་མཁན་མི་འབོར་བརྒྱ་ཆ་ ༨༧ ཁྲོད་ནས་བརྒྱ་ཆ་ ༤༠ སྟེ་མི་འབོར་གྲངས་ཐེར་འབུམ་གཅིག་ལྷག་ 1.2 billion རྒྱ་ནག་དང་རྒྱ་གར། ཨ་རི་བཅས་སུ་ཡོད་པ་དང་། དྲ་རྒྱའི་རང་དབང་ཆེ་ཤོས་ཡོད་མཁན་གྱི་རྒྱལ་ཁབ་ནི་ཨེ་སི་ཏོ་ནི་ཡ་ Estonia ཨ་དང་། ཨ་ཡི་སི་ལེན་ཌི། Iceland ཁེ་ན་ཌ། Canada བཅས་ཡིན་པ་སྙན་ཐོའི་ནང་གསལ་འདུག
༼ ཕྱི་དྲིལ་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་དང་འགྲོ་བ་མིའི་ཐོབ་ཐང་ཚན་པས་སྤེལ། བོད་ཡིག་ཚན་པས་ཨིན་ཡིག་ནས་ཕབ་སྒྱུར་ཞུས། ༽