༢༠༡༧ ཟླ་ ༡༡ ཚེས་ ༡ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༡༡ ཚེས་ ༦ ནས་ ༡༧ བར་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གོ་ལའི་ཁོར་ཡུག་ལྷན་ཚོགས་ཐེངས་ ༢༣ (COP23)དེ་བཞིན་ཕི་ཇི་ Fiji ཡུལ་གྱིས་གོ་སྒྲིག་གནང་གཏན་འཁེལ་ཡོད། འོན་ཀྱང་སྐབས་དེར་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་མིའི་ཁོངས་ནས་རྒྱལ་ཁབ་ ༡༩༧ སྐུ་ཚབ་འཐུས་མི་ཕེབས་རྒྱུ་ཡིན་སྟབས་བཞུགས་གནས་དང་བེད་འཇགས་སོགས་གི་གནད་དོན་འོག་ལྷན་ཚོགས་དེ་འཇར་མན་ Germany རྒྱལ་ས་བྷོན་ Bonn ནང་འཚོགས་གཏན་འཁེལ་འདུག
གོ་ལའི་ཁོར་ཡུག་ལྷན་ཚོགས་འདི་ནི་འཛམ་གླིང་ནང་ཁོར་ཡུག་ཐོག་ལྷན་ཚོགས་ཆེ་ཤོས་ཡིན་ཞིང་། ལྷན་ཚོགས་སྐབས་རྒྱལ་ཁབ་འདྲ་མིན་གྱི་དབུ་ཁྲིད་དང་སྲིད་གཞུང་ཁག་གི་སྐུ་ཚབ། ཁོར་ཡུག་ཚན་རིག་པ་དང་ཉམས་ཞིབ་པ། དེ་བཞིན་ཁོར་ཡུག་སྲུང་སྐྱོབ་ལས་འགུལ་བ་སོགས་མཉམ་ཞུགས་གནང་བཞིན་ཡོད།
སྤྱིར་ཕི་ཇི་ Fiji ཡུལ་གྱི་མི་འབོར་གྲངས་ཚད་ནི་ ༨༧༠ ༠༠༠ ཙམ་ལས་མེད། ཡུལ་དེ་ནི་གླིང་ཕྲན་ཞིག་ཡིན་ཞིང་། གོ་ལའི་གནམ་གཤིས་འགྱུར་ལྡོག་མྱུར་བར་བརྟེན་དྲག་ཆར་རླུང་ཚུབ་དང་ཆུ་ལོག་སོགས་ཀྱི་དཀའ་ངལ་ཡང་ཡང་འཕྲད་བཞིན་པ་མ་ཟད། ཡུལ་དེའི་དམའ་ས་རྣམས་རྒྱ་མཚོས་སིམ་འཛུལ་བྱེད་བཞིན་པར་བརྟེན་ཡུལ་མི་རྣམས་ས་མཐོ་སར་གནས་སྤོ་བྱེད་དགོས་པའི་དཀའ་ངལ་འཕྲད་བཞིན་ཡོད།
ཞི་བདེ་རྒྱ་མཚོའི་གླིང་ཕྲན་གྱི་རྒྱལ་ཁབ་ཕི་ཇི་ནས་རྒྱང་ཐག་རིང་བའི་མཐོ་སྒང་བོད་ལའང་གོ་ལའི་གནམ་གཤིས་འགྱུར་ལྡོག་གི་དཀའ་ངལ་ཚབས་ཆེ་འཕྲད་བཞིན་ཡོད། ད་བར་གོ་ལའི་ཁོར་ཡུག་ལྷན་ཚོགས་སྔ་རྗེས་ཐེངས་མང་པོ་ཚོགས་ཡོད་པ་དང་། ཕྱི་ལོ་ ༡༩༩༢ ནས་ད་བར་ལྷན་ཚོགས་ནམ་ཡིན་སྐབས་རྒྱལ་ཁབ་ཀྱི་ངོས་འཛིན་མེད་ཀྱང་བོད་མིའི་སྐུ་ཚབ་ཚོགས་ཆུང་ཞིག་བཅར་བཞིན་ཡོད་པ་མ་ཟད། བོད་ཀྱི་ཁོར་ཡུག་ཐོག་འཕྲད་བཞིན་པའི་དཀའ་ངལ་དེ་དག་གསལ་འདོན་གནང་ཐབས་བྱས་དང་བྱེད་མུས་རེད། ལྷག་པར་ལྷན་ཚོགས་དེ་ལྟ་བུའི་ཐོག་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཆིབས་སྒྱུར་བསྐྱངས་ནས་བོད་ཀྱི་རང་བྱུང་ཁོར་ཡུག་ལ་དཀའ་ངལ་འཕྲད་བཞིན་པའི་སྐོར་བཀའ་སློབ་སྩལ་བ་ཆེས་ཐོག་མ་ཆགས་ཡོད།
གོ་ལའི་ཁོར་ཡུག་ལྷན་ཚོགས་ཐོག་བོད་ཀྱི་སྐུ་ཚབ་ངེས་པར་དུ་བཅར་དགོས་དོན་གང་ཡིན་བརྗོད་ན། བོད་ནི་འཛམ་གླིང་ཡང་ཐོག ཅེས་གྲགས་ཤིང་ཁོར་ཡུག་ཐོག་ནས་བོད་མཐོ་སྒང་གི་ས་ཆ་འདི་ཧ་ཅང་གནད་འགག་ཆེན་པོ་ཞིག་དང་གོ་ལ་སྤྱིའི་ཁོར་ཡུག་གི་གནས་སྟངས་ཐོག་ལའང་ཧ་ཅང་འབྲེལ་བ་ཆེན་པོ་ཆགས་ཡོད། དེར་བརྟེན་ཐེངས་འདིར་གོ་ལའི་ཁོར་ཡུག་ལྷན་ཚོགས་ཐེངས་ ༢༣ (COP23) སྐབས་སྲིད་བྱུས་ཇི་འདྲ་ཞིག་གཏན་འབེབས་གནང་ཡང་བོད་ཀྱི་ཁོར་ཡུག་དེ་གཙོ་བོར་རྩི་དགོས།
མཐོ་སྒང་བོད་ཀྱི་ས་ཆ་ནི་རྒྱ་མཚོའི་ངོས་ནས་ཆ་སྙོམ་མཐོ་ཚད་མི་ཊར་ ༤༠༠༠ ལྷག་ཡོད་ཅིང་། ས་ཁྱོན་གྲུ་བཞི་མ་ཀི་ལོ་མི་ཊར་ས་ཡ་ 2.5 million ཡོད་པར་བརྟེན་འཛམ་གླིང་ནང་མཐོ་སྒང་ཆེ་ཤོས་ཡིན་པ་མ་ཟད། པ་ཀི་སི་ཐན་དང་རྒྱ་གར། བལ་ཡུལ། བྷང་ལ་དེ་ཤི། འབར་མ། ཐེ་ལེན་ཌི། ལའོ་སི། ཀེམ་བྷོ་ཌི་ཡ། ཝི་ཏི་ནམ། རྒྱ་ནག་བཅས་འཛམ་གླིང་ནང་མི་འབོར་མང་ཤོས་ཡོད་པའི་རྒྱལ་ཁབ་ཀྱི་ཡུལ་མིའི་འཚོ་བའི་རྟེན་གཞི་གཙང་པོ་གཙོ་ཆེ་ཁག་བོད་ནས་རྒྱུག་བཞིན་ཡོད།
བོད་ནང་འཁྱགས་རོམ་གྲངས་ ༤༦༠༠༠ ཡོད་སྟབས་འཛམ་གླིང་ལྷོ་བྱང་སྣེ་གཉིས་ཕུད་འཁྱགས་རོམ་ཆེ་ཤོས་བོད་ནང་ཡོད། དེར་བརྟེན་བོད་ལ་འཛམ་གླིང་གི་སྣེ་མོ་གསུམ་པ། ཞེས་གྲགས་པ་དེ་ནི་མིང་དོན་མཚུངས་པ་ཞིག་ཡིན། བོད་ཀྱི་ཁོར་ཡུག་ལ་འགྱུར་བ་ཚབས་ཆེ་བྱུང་བ་ཡིན་ན་ཨེ་ཤི་ཡ་ཁྱོན་ཡོངས་ཙམ་མ་ཟད། དེ་ལས་བརྒལ་ནས་ཤུགས་རྐྱེན་ཐེབས་ངེས།
ས་མཐོ་ཞིང་ས་ཁྱོན་ཧ་ཅང་ཡངས་པར་བརྟེན་གོ་ལའི་ཚ་དྲོད་རྒྱས་པའི་ཤུགས་རྐྱེན་འཛམ་གླིང་ས་ཁུལ་གཞན་དང་ཆ་སྙོམ་ཐོག་ནས་བསྡུར་སྐབས་བོད་ལ་ལྡབ་གཉིས་ཀྱི་ཚ་དྲོད་ཆེ་བ་ཡོད། དེར་བརྟེན་བོད་ཀྱི་འཁྱགས་རོམ་དང་གཏན་འཁྱགས་ཆགས་རིམ་བཞུ་རྒྱུའི་མྱུར་ཚད་མཐོ་བ་ཡོད།
གོ་ལའི་གནམ་གཤིས་འགྱུར་ལྡོག་གི་གོ་ལའི་ལྷན་ཚོགས་ Intergovernmental Panel on Climate Change སྐབས་སྙན་ཐོ་བཏོན་པའི་ནང་འཁོད་དོན་ལྟར་ན། འདས་པའི་ལོ་ངོ་ ༥༠ རིང་བོད་ཀྱི་འཁྱགས་རོམ་བརྒྱ་ཆ་ ༨༢ བཞུར་འདུག ད་ལྟའི་བོད་ནང་གི་འཁྱགས་རོམ་གཞུར་བཞིན་པའི་མྱུར་ཚད་དེ་མུ་མཐུད་གནས་པ་ཡིན་ན། ཕྱི་ལོ་ ༢༠༥༠ མཚམས་སུ་སླེབ་སྐབས་བོད་ནང་གི་འཁྱགས་རོམ་གསུམ་ཆ་གཉིས་རྩ་མེད་དུ་འགྲོ་ངེས་ཡིན། མཐོ་སྒང་བོད་ཀྱི་གཏན་འཁྱགས་ཆགས་རིམ་མྱུར་ཚད་མཐོ་བའི་ཉེར་ལེན་ལ་བརྟེན་ནས་ཁ་དབྱིངས་སུ་དུག་རླངས་ carbon dioxide ཧ་ཅང་ཕོན་ཆེ་འཕེལ་ངེས་ཡིན། དེ་ལ་བརྟེན་ནས་འཛམ་གླིང་ཁྱོན་ཡོངས་སུ་གནམ་གཤིས་འགྱུར་ལྡོག་ཚབས་ཆེ་ཡོང་ངེས་པ་མ་ཟད། ཨེ་ཤི་ཡའི་ཆར་དུས་དང་ཆར་ཞོད་ཀྱི་ཚད་གཞིར་ཤུགས་རྐྱེན་ཧ་ཅང་སྤྲད་རྒྱུ་དང་། ཕྱོགས་མཚུངས་ཡུ་རོབ་ནང་ཚ་དྲོད་ཀྱི་རླབས་ཤུགས་ཆེ་རུ་འགྲོ་ངེས་ཡིན།
འཁྱགས་རོམ་མྱུར་ཚད་མཐོ་པོར་གཞུར་བཞིན་པ་དེས་འབྱུང་འགྱུར་ལོ་ཤས་ནང་གཙང་པོའི་ཆུ་ཤུགས་ཆེ་རུ་འགྲོ་རྒྱུ་དང་། དེ་ལ་བརྟེན་ནས་ཆུ་རུད་དང་ས་ཉིལ་བ་སོགས་ཡོང་རྒྱུ་དང་། ཕྱི་ལོ་ ༢༠༣༠ མཚམས་སུ་སླེབ་སྐབས་གཙང་ཆུ་ཆེ་ཁག་གི་ཆུ་ཤུགས་ཚད་མཐོ་ཤོས་སུ་སླེབ་རྒྱུ་དང་། དེ་ནས་རིམ་བཞིན་གཙང་པོ་དེ་དག་གི་ཆུ་ཤུགས་ཆུང་དུ་ཕྱིན་ནས་ཨེ་ཤི་ཡ་ཁྱོན་ཡོངས་ལ་བསམ་ཡུལ་ལས་འདས་པའི་དཀའ་ངལ་འཕྲད་ངེས་ཡིན།
འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གོ་ལའི་ཁོར་ཡུག་ཚོགས་ཆེན་ཐོག་བོད་མི་མཉམ་ཞུགས་བྱས་པ།
ཕྱི་ལོ་ ༡༩༩༢ ལོར་བྷྲ་ཛིལ་ Brazil རྒྱལ་ས་རིའོ་ཌི་ཇི་ནི་རོ་ Rio de Janeiro ནང་དུ་ Earth Summit ཞེས་པའི་གོ་ལའི་ལྷན་ཚོགས་ཐོག་གདན་ཞུ་ལྟར་ཆིབས་སྒྱུར་བསྐྱངས་པ་དེ་ནི་བོད་མི་ཆེས་ཐོག་མ་ཆགས་ཡོད། སྐབས་དེར་མགོན་པོ་གང་ཉིད་མཆོག་གིས་མཐོ་སྒང་བོད་ཀྱི་ཁོར་ཡུག་གི་གནད་དོན་སྤྱི་དང་། ལྷག་པར་གོ་ལ་སྤྱིའི་ཁོར་ཡུག་གནས་སྟངས་ཐོག་གལ་གནད་ཇི་ཙམ་ཡོད་མིན་སྐོར་བཀའ་སློབ་སྩལ་ཡོད། དུས་སྐབས་དེའི་མཚམས་ཕྱི་དྲིལ་ལས་ཁུངས་སུ་ཁོར་ཡུག་ཚན་པ་གསར་འཛུགས་གནང་ཡོད། དེ་ནས་བཟུང་ཚན་པ་དེས་བོད་ཀྱི་ཁོར་ཡུག་གི་གནད་དོན་ཐོག་ལས་འགུལ་རབ་དང་རིམ་པ་སྤེལ་བ་དང་། ལྷག་པར་བོད་མཐོ་སྒང་གི་ཁོར་ཡུག་གི་གནས་སྟངས་དང་། བོད་མཐོ་སྒང་གི་ཁོར་ཡུག་དེ་འཛམ་གླིང་སྤྱིའི་ཁོར་ཡུག་ཐོག་གནད་འགག་ཇི་ཙམ་ཆགས་མིན་སྐོར་བོད་མི་ཙམ་མ་ཟད། རྒྱལ་སྤྱིའི་སྡིངས་ཆའི་སྟེང་གོ་རྟོགས་ལས་འགུལ་ཤུགས་ཆེ་སྤེལ་དང་སྤེལ་མུས་ཡིན།
འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གོ་ལའི་ལྷན་ཚོགས་ཐོག་བོད་མིའི་སྐུ་ཚབ་ཐེངས་གཉིས་པ་དེ་ཕྱི་ལོ་ ༢༠༠༩ ལོར་ཌེན་མག་ Denmark རྒྱལ་ས་ཀོ་པེན་ཧེ་གན་ Copenhengen ནང་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གོ་ལའི་ཁོར་ཡུག་ཚོགས་ཆེན་ཐེངས་ ༡༥ COP15 ཐོག་ཕྱི་དྲིལ་ཁོར་ཡུག་ཚན་པའི་སྐུ་ཚབ་ཧྲག་བསྡུས་ཤིག་མཉམ་ཞུགས་གནང་བ་མ་ཟད། ལམ་ལྷོངས་ལྡན་པ་ཞིག་བྱུང་ཡོད། དེར་བརྟེན་ལྷན་ཚོགས་ཐོག་ད་བར་མུ་མཐུད་བོད་མིའི་སྐུ་ཚབ་བཅར་ཐུབ་པ་བྱུང་ཡོད། སྤྱིར་རྒྱལ་ཚོགས་ཀྱི་གོ་ལའི་ཁོར་ཡུག་ཚོགས་ཆེན་སྐབས་སུ་བོད་མིའི་སྐུ་ཚབ་རྣམས་ལ་སྐད་ཆ་ཤོད་རྒྱུའི་ཐོབ་ཐང་མེད་ཀྱང་སྐབས་བབ་གོ་སྐབས་གང་ཡོད་པ་རྣམས་དམ་འཛིན་ཐོག་བོད་ཀྱི་ཁོར་ཡུག་གནས་སྟངས་དང་དཀའ་ངལ་རྣམས་རྒྱལ་སྤྱིའི་ཐོག་གོ་རྟོགས་སྤེལ་ཐབས་བྱས་དང་བྱེད་མུས་ཡིན།
ད་བར་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གོ་ལའི་ཁོར་ཡུག་ཚོགས་ཆེན་ཁྲོད་བོད་མི་མཉམ་ཞུགས་བྱས་པའི་ཐོག་ནས་ལམ་ལྷོངས་ཆེ་ཤོས་ནི་པེ་རི་སིར་ Paris ཚོགས་པའི་གོ་ལའི་ཁོར་ཡུག་ཚོགས་ཆེན་ ༢༡ COP21 ཆགས་ཡོད། ལྷན་ཚོགས་དེའི་ཟུར་ཚོགས་སྐབས་བོད་ཀྱི་ཁོར་ཡུག་ཐོག་འཕྲད་བཞིན་པའི་དཀའ་ངལ་རྣམས་དྲིལ་བསྒྲགས་རྒྱ་ཆེ་བྱུང་བ་མ་ཟད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་ཀྱི་གལ་གནད་ཐོག་གསུང་འཕྲིན་སྩལ་བའི་བརྙན་འཕྲིན་ལེ་ཚན་རྣམས་ལྷན་ཚོགས་ཀྱི་ཟུར་ཚོགས་སྐབས་བསྟན་ཡོད་པ་དང་། གསུང་འཕྲིན་ནང་དོན་གཙོ་བོ་ནི། འཛམ་གླིང་སའི་གོ་ལ་སྔོན་པོ་འདི་ཁོ་ན་ལས་ང་ཚོར་སྡོད་ཁང་གཞན་ཞིག་གཏན་ནས་མེད་པ་དང་། སྡོད་ཁང་འདིའི་ཡང་ཐོག་བོད་ཡིན། དེར་བརྟེན་ཡང་ཐོག་ནས་ཆུ་ཐིགས་འཛག་བཞིན་པ་འདི་ང་ཚོས་ཇི་ལྟར་འགོག་ཐུབ་མིན་འདི་གནད་དོན་གཙོ་བོར་རྩི་དགོས་པ་ལས། དཀའ་ངལ་དེར་གདོང་ལེན་བྱ་རྒྱུའི་ཚབ་ཏུ་ང་ཚོ་དང་ཁྱེད་ཚོ། ཞེས་ཆབ་སྲིད་ཀྱི་གནད་དོན་མིན་པ་ཁོར་ཡུག་ཐོག་ལའང་ཕན་ཚུན་ཉེན་ཁག་དཀྲི་རེས་བྱས་ནས་བསྡད་པ་འདི་མ་འགྲིག་པ་ཞིག་རེད། ཅེས་པའི་འབོད་ཚིག་འདི་དྲིལ་བསྒྲགས་ཧ་ཅང་ཁྱབ་ཆེན་པོ་བྱུང་ཐུབ་ཡོད། ཁོར་ཡུག་གནད་དོན་ལ་ཐུག་སྐབས་བོད་དང་རྒྱ་ནག དེ་བཞིན་འཛམ་གླིང་གཞན་བཅས་མཉམ་རུབ་གནང་དགོས།
ཁོར་ཡུག་གནད་དོན་ནི་རྒྱལ་མཚམས་ཀྱི་དབྱེ་བ་གང་ཡང་མེད་པར་ང་ཚོ་ཚང་མ་ཐུན་མོང་གི་སྤྱོད་ཡུལ་ཞིག་རེད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཀྱང་གོ་ལའི་ཁོར་ཡུག་ཚོགས་ཆེན་ ༢༡ COP21 སྐབས་བཀའ་སློབ་སྩལ་བ་ལྟར། བོད་མཐོ་སྒང་ཁོར་ཡུག་གནད་དོན་དེ་བོད་མི་ས་ཡ་དྲུག་ཁོ་ནའི་མིན་པར་རྒྱ་ནག་དང་རྒྱ་གར། པ་ཀི་སི་ཐན། བྷང་ལ་དེ་ཤི་དང་། དེ་བཞིན་ཧི་མཱ་ལ་ཡའི་ལྷོ་ངོས་ཀྱི་ས་ཁུལ་ཁག་གི་མི་འབོར་ཐེར་འབུམ་མང་པོའི་འཚོ་གནས་དང་ཐད་ཀར་འབྲེལ་བ་ཡོད།
བོད་མི་ཚོས་དུས་རྟག་ཏུ་རང་བྱུང་ཁོར་ཡུག་དང་མཐུན་གཤིབ་ཧ་ཅང་བཟང་པོ་ཡོད། སྲོལ་རྒྱུན་བོད་མིའི་འཚོ་བའི་གོམས་གཤིས་དེས་རང་བྱུང་ཁམས་དང་ཁོར་ཡུག་སྲུང་སྐྱོབ་བྱེད་བཞིན་ཡོད། བོད་མིའི་གོམས་གཤིས་ཁྲོད་རང་བྱུང་ཁམས་ལ་དགའ་མོས་དང་བརྩི་བཀུར་ཞུ་སྲོལ་ཡོད།
ཕྱི་ལོ་ ༢༠༡༦ ལོར་བོད་ས་ཁྱོན་ཡོངས་སུ་གངས་རུད་དང་ཐན་པ། འདམ་རུད་སོགས་རང་བྱུང་གོད་ཆག་གི་དཀའ་ངལ་ཟམ་མ་ཆད་པ་བྱུང་ཡོད། རང་བྱུང་གོད་ཆག་དེ་ལྟ་བུ་བོད་མཐོ་སྒང་གི་ལོ་རྒྱུས་ཁྲོད་དེ་སྔ་བྱུང་མྱོང་རྩ་བ་ནས་མེད། གོད་ཆག་དེ་དག་ནི་བོད་མཐོ་སྒང་གི་ཁོར་ཡུག་གནས་སྟངས་ལ་འགྱུར་བ་ཚབས་ཆེ་ཞིག་འགྲོ་བཞིན་ཡོད་པའི་སྔོན་རྟགས་ཡིན། བོད་ཀྱི་ཁོར་ཡུག་གནས་སྟངས་ཇེ་སྡུག་ཏུ་ཕྱིན་ཡོད་པ་ནི་འདི་ལོར་བོད་ཀྱི་ལྷོ་ཤར་ས་ཁུལ་ཁག་ཕལ་མོ་ཆེར་དུས་གཅིག་ཏུ་ཆུ་ལོག་ཚབས་ཆེ་བྱུང་བ་དེས་མཚོན་ཐུབ་པ་མ་ཟད། གོད་ཆག་དེས་ད་ཆ་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་ཆེད་ཛ་དྲག་གི་ལས་འགུལ་སྤེལ་དགོས་པའི་དུས་ལ་བབ་ཡོད་པ་གསལ་འདོན་བྱས་ཡོད།
རྒྱལ་སྤྱིའི་དབུ་ཁྲིད་རྣམ་པས་མཉམ་རུབ་ཐོག་པེ་རི་སིར་ Paris གོ་ལའི་ཁོར་ཡུག་ཚོགས་ཆེན་ ༢༡ COP21 ཐོག་མཚན་རྟགས་བཀོད་ནས་ཁོར་ཡུག་སྲུང་སྐྱོབ་ཐོག་ལས་འགུལ་ཤུགས་ཆེ་སྤེལ་ཡོད་པ་མ་ཟད། ཉེ་ལམ་མཇུག་སྒྲིལ་བྱུང་བའི་རྒྱ་ནག་མི་དམངས་འཐུས་མི་ཚོགས་ཆེན་སྐབས་ ༡༩ སྐབས་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གི་གཏམ་བཤད་ནང་ཁོར་ཡུག་སྲུང་སྐྱོབ་བྱ་རྒྱུ་གལ་ཆེ་ཡིན་སྐོར་བཤད་ཡོད། དེར་བརྟེན་བོད་མི་དང་རྒྱ་ནག་གཞུང་། དེ་བཞིན་རྒྱལ་སྤྱིའི་སྤྱི་ཚོགས་བཅས་མཉམ་རུབ་ཐོག་ནས་འབྱུང་འགྱུར་ཁོར་ཡུག་གི་གནས་སྟངས་ཡུན་གནས་ཐུབ་པ་ཞིག་ཡོང་སླད་ལས་འགུལ་སྤེལ་འདོད་ཡོད་པའི་རྣམ་པ་མངོན་གསལ་འདུག དེ་འདྲ་དུས་ཀྱི་དགོས་མཁོ་ཙམ་མ་ཟད། ཡོང་ཐུབ་པ་ཞིག་ཀྱང་ཡིན།
རྒྱ་ནག་གཞུང་དང་རྒྱལ་སྤྱིའི་དབུ་ཁྲིད་ཚོས་ཁོར་ཡུག་སྲུང་སྐྱོབ་དང་། ལྷག་པར་གོ་ལའི་ཚ་དྲོད་མྱུར་ཚད་མཐོ་པོའི་ཐོག་ནས་རྒྱས་བཞིན་པ་དེར་གདོང་ལེན་གནང་རྒྱུའི་ཁས་ལེན་གནང་བ་ལྟར་ངོ་ཐོག་ལག་བསྟར་གནང་རྒྱུའི་དུས་ལ་བབ་ཡོད་པ་དང་། ཐོག་མར་བོད་མཐོ་སྒང་གི་ཁོར་ཡུག་སྲུང་སྐྱོབ་གནང་དགོས་པ་གལ་ཆེ་ནང་གི་དོན་ཆེ་ཆགས་ཡོད།
དེ་ཡང་ཁོར་ཡུག་ཚན་རིག་པ་སྐུ་ཞབས་ཝི་ར་མ་ནཱ་ཐན་ V Ramanathan མཆོག་གིས། བོད་མཐོ་སྒང་གི་ཁོར་ཡུག་གནས་སྟངས་ཇི་འདྲ་ཡིན་པ་མ་ཤེས་བར་ང་ཚོས་གོ་ལའི་གནམ་གཤིས་འགྱུར་ལྡོག་གི་གནས་ཚུལ་ཆ་ཚང་བ་ཞིག་རྟོགས་ཐབས་བྲལ། ཞེས་གསུངས།
ཐེངས་འདིར་འཇར་མན་རྒྱལ་ས་བྷོན་ནང་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གོ་ལའི་ཁོར་ཡུག་ཚོགས་ཆེན་ཐེངས་ ༢༣ (COP23) སྐབས་རྒྱལ་སྤྱིའི་དབུ་ཁྲིད་རྣམས་ཀྱིས་སྲིད་བྱུས་ཇི་འདྲ་ཞིག་གཏན་འབེབས་དང་བགྲོ་གླེང་སོགས་གནང་ཡང་བོད་ཀྱི་ཁོར་ཡུག་གནད་དོན་དེ་གཙོ་བོར་རྩི་དགོས།།
དཔྱད་རྩོམ་སྤེལ་མཁན་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཛམ་ལྷ་བསྟན་པ་རྒྱལ་མཚན། ཕྱི་དྲིལ་བོད་ཡིག་ཚན་པས་བོད་སྒྱུར་ཞུས།།