༢༠༡༧ ཟླ་ ༡༡ ཚེས་ ༢༢ རེས་གཟའ་ལྷག་པ།
༄༅། །ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་ནས་གནས་ཚུལ་སྤེལ་དོན་ལྟར་ན། བོད་ནང་གི་རྩོམ་པ་པོ་དང་གླུ་མ་འཇམ་དབྱངས་སྐྱིད་དང་ཁོང་མོའི་བཟའ་ཟླས་བརྩམས་པའི་དཔེ་དེབ་རྣམས་རྒྱ་ནག་གཞུང་གིས་གཞུང་བཞེས་བཏང་བློ་ཕམ་གནང་འདུག
དེ་ཡང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱའི་ཐོག་གནས་ཚུལ་སྤེལ་བའི་ནང་། འཇམ་དབྱངས་སྐྱིད་ནི་བོད་ནང་གི་བེུད་རྩོམ་པ་པོ་ཞིག་ཡིན་པ་དང་། ཁོང་ནི་བོད་ཀྱི་བེུད་དང་བོད་པའི་སྤྱི་ཚོགས་གནད་དོན་སྐོར་རྩོམ་བྲིས་སྤེལ་མཁན་ཞིག་ཡིན་ལ། གླུ་མ་གྲགས་ཅན་ཞིག་དང་གསར་འགོད་པའི་ལས་ཀ་ཞུགས་མྱོང་མཁན་ཞིག་ཡིན་ཞིང་། ཁོང་གིས་ཕྱི་ཟླ་བཅུ་གཅིག་པའི་ཚེས་༡༧ ་རེས་གཟའ་པ་སངས་ཉིན་སྤྱི་ཚོགས་དྲ་ལམ་ཐོག་ལ། ཁོང་གིས་བརྩམས་པའི་ཐོབ་ཐང་དང་བདེ་ཐང་ཞེས་པའི་དེབ་དང་། ཁོང་གི་བཟའ་ཟླ་ལྷ་མོ་སྐྱབས་ཀྱིས་རྒྱ་ཡིག་ནས་ཕབ་བསྒྱུར་བྱས་པའི་ཁ་བྲལ་གྱི་སྟོབས་ཤུགས་དང་ཐོབ་ཐང་སྲུང་སྐྱོབ་ཞེས་པའི་དེབ་གྲངས་གཅིག་སྟོང་ལྷག་ཕྱི་ཟླ་དགུ་པའི་འགོ་སྟོད་ཙམ་ལ་རྒྱ་ནག་གཞུང་གིས་ཟི་ལིང་གི་དེབ་ཚོང་ཁང་ནས་གཞུང་བཞེས་བཏང་བའི་སྐོར་བཀོད་ཡོད་པ་དང་། གནས་ཚུལ་དེ་ནི་བཞུགས་སྒར་རྡ་རམ་ས་ལའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ་ལྟི་གནས་ཁང་གིས་གསར་འགོད་གསལ་བསྒྲགས་སྤེལ་ཡོད་པའི་སྐོར་ལུང་འདྲེན་བྱས་ཡོད་པ་རེད།
ད་དུང་གསར་འགོད་གསལ་བསྒྲགས་དེའི་ནང་དུ་། འཇམ་དབྱངས་སྐྱིད་ཀྱིས་སྤྱི་ཚོགས་དྲ་ལམ་ཐོག་ལ་། དེ་ལྟར་ལོ་དང་ཟླ་བ་བྱས་ནས་ལོ་ངོ་བཅུ་རྫོགས་ལ་ཉེ་སོང་། འོན་ཀྱང་དེ་ལ་རྫོགས་མཐའ་མི་འདུག་ ངའི་སེམས་ཁམས་ཀྱི་ཞི་བདེར་གནོད་སོང་། ངའི་འཚོ་ཐབས་ལ་གནོད་སོང་། ངའི་ནང་མི་དང་བུ་ཕྲུག་ལ་བསུན་བཙེར་དང་བརྙས་བཅོས་བྱས་སོང་། ང་ཚོའི་འཚོ་ཐབས་ལ་རྟག་ཏུ་གནོད་འཚེ་གཏོང་ཐབས་བྱེད་པའི་དམིགས་ཡུལ་ག་རེ་ཡིན་ནམ། རྒྱུ་མཚན་ཅི་ཡིན་ནམ། འདི་ནི་ངའི་ས་ཆ་ཡིན་ནའང་ང་ནི་བཙོན་པ་ལྟར་གྱི་འཚོ་གནས་བྱེད་དགོས་ཀྱི་ཡོད་ཅེས་བྲིས་ཡོད་པའི་སྐོར་ལུང་འདྲེན་བྱས་ཡོད་པ་རེད།
འཇམ་དབྱངས་སྐྱིད་ཀྱིས་༢༠༠༨ ་ལོར་ངོ་ཤེས་གྲོགས་མོར་ལོ་དེའི་ས་བྱི་ཞི་རྒོལ་གྱི་གནས་ཚུལ་མཁོ་སྤྲོད་བྱས་པའི་ཉེས་བཙུགས་ཀྱིས་༢༠༠༨ ་ལོར་རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་པ་དང་། ཁོང་བཀག་ཉར་འོག་གནས་པའི་རིང་མནར་གཅོད་དང་འཚེ་བའི་སྡུག་བསྔལ་ཇི་ཙམ་མྱངས་པའི་སྐོར་། མནར་གཅོད་ཀྱི་མཇུག་འབྲས་དང་འདྲི་རྩད་ཀྱི་ཉིན་ཐོ་ཞེས་པའི་དེབ་ཞིག་ཀྱང་བརྩམས་ཡོད་པ་དང་། ཁོང་གིས་ཉེས་པ་ཆེན་པོ་ཞིག་འཇལ་བའི་རྗེས་ཕྱི་ཟླ་བཞི་པའི་ཚེས་༢༡ ་ཉིན་གློད་གྲོལ་ཐོབ་ཡོད་ཀྱང་དུས་དེ་ནས་བཟུང་རྒྱ་ནག་གཞུང་གི་ལྟ་རྟོག་འོག་གནས་དགོས་བྱུང་བའི་སྐོར་ཁོང་གི་ནང་མིས་གནས་ཚུལ་ངོ་སྤྲོད་བྱས་ཡོད་པ་རེད། ཅེས་འཁོད་འདུག།