༢༠༡༧ ཟླ་ ༡༡ ཚེས་ ༡༧ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༡༡ ཚེས་ ༡༤ ནས་ ༡༧ བར་མི་རིགས་འདྲ་མིན་གཞོན་སྐྱེས་འགོ་ཁྲིད་ལྷན་ཚོགས་ཐེངས་ ༡༢ དེ་ཚོགས་ཡོད། ལྷན་ཚོགས་དེ་ཉི་ཧོང་ Japan གྱི་རྒྱལ་ས་ཊོག་ཡོར་ Tokyo ཚོགས་ཡོད། སྐབས་དེར་རྒྱལ་ཁབ་འདྲ་མིན་ནས་ཚོགས་མི་ ༦༠ ཙམ་མཉམ་ཞུགས་གནང་འདུག་པ་མ་ཟད། ཉི་ཧོང་སྐུ་ཚབ་དོན་གཅོད་ལུང་རྟོགས་ལགས། བོད་མི་མང་སྤྱི་འཐུས་གདོང་འདུས་སྐྱིད་འཛོམས་ལགས། སྤྱི་འཐུས་བློ་བཟང་གྲགས་པ་ལགས། དེ་བཞིན་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་རྒྱ་ཡིག་ཚན་པའི་འགན་འཛིན་བདེ་ལྡན་ལགས་དང་ལས་རོགས་འཇམ་དབྱངས་ལགས་གཉིས་ཀྱང་ཕེབས་འདུག
དེ་ཡང་དབུ་དབྱེད་མཛད་སྒོར་ཉི་ཧོང་སྐུ་ཚབ་དོན་གཅོད་ལུང་རྟོགས་ལགས་ཀྱིས་འཚམས་འདྲིའི་གསུང་བཤད་གནང་བ་དང་། དེ་བཞིན་སྤྱི་དམངས་སྟོབས་ཤུགས་ཚོགས་པའི་འགན་འཛིན་མང་གཙོ་དོན་གཉེར་བ་སྐུ་ཞབས་ཡང་ཅེན་ལི་ Yang Jianli མཆོག་གིས་ཆོགས་ཆེན་དེ་ཚུགས་དགོས་པའི་དམིགས་ཡུལ་སྐོར་གསུང་བཤད་གནང་འདུག ཐེངས་འདིར་མི་རིགས་འདྲ་མིན་གཞོན་སྐྱེས་འགོ་ཁྲིད་ཐེངས་ ༡༢ པ་གོ་སྒྲིག་གནང་མཁན་སྤྱི་དམངས་སྟོབས་ཤུགས་ཚོགས་པ་ Initiatives for China ཞེས་པ་ཡིན་ཞིང་དགོས་དམིགས་རྒྱ་ནག་ཏུ་མང་ཁྱབ་སྤེལ་ཆེད་ཡིན་འདུག
དེ་ཡང་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ལོ་ ༢༠༡༧ ཟླ་ ༡༡ ཚེས་ ༡༤ ཉིན་དམིགས་བསལ་གསུང་འཕྲིན་ཞིག་སྩལ་ཡོད་པ་བཅས།།