༢༠༡༧ ཟླ་ ༡༡ ཚེས་ ༡༦ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༡༡ ཚེས་ ༡༦ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠ ཐོག་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག་གིས་ཤེས་རིག་ལས་ཁུངས་སུ་ཕྱི་དྲིལ་དྲྭ་བརྙན་ཚན་པའི་དྲི་བར་ལན་འདེབས་གནང་ཡོད།
གསར་འགོད་པས། བཀའ་བློན་མཆོག་དེ་རིང་བྱང་ཨ་རི་སོགས་སུ་ཕྱོགས་ཕེབས་གནང་རྒྱུ་དེ་ཤེས་རིག་བཀའ་བློན་གྱི་ངོ་བོའི་ཐོག་ནས་ཡིན་ནམ་ཡང་ན་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་གསར་པའི་ལས་དོན་དང་འབྲེལ་ཡོད་གང་ཡིན།
བཀའ་བློན་མཆོག ཐོག་མར་བརྙན་འཕྲིན་གསན་གཟིགས་གནང་མཁན་ཡོངས་ལ་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། དོ་དགོང་ང་རང་ཁེ་ན་ཌ་དང་ཨ་རིའི་ས་ཁུལ་འགའ་ཤས་ནང་འཐོན་རྒྱུ་ཡིན། རྒྱུ་མཚན་གཙོ་བོ་དེ་སྔ་ནས་བང་བསྒྲིགས་ཟིན་པའི་ཤེས་རིག་ལས་དོན་ཆེད་ཡིན། ལོ་གཉིས་ཙམ་གོང་ལ་ཁེ་ན་ཌ་གཞུང་གིས་ཤེས་ཡོན་གྱི་ལས་འཆར་ཐོག་ལ་ཨ་སྒོར་ས་ཡ་གཉིས་གནང་བ་དེ་འདི་ལོའི་ཕྱི་ཟླ་ ༦ ནང་གཙང་པ་རེད། རོགས་དངུལ་དེ་མུ་མཐུད་ཐོབ་ཐབས་ཆེད་འདི་ལོའི་ཕྱི་ཟླ་ ༣ ནང་ང་དང་སྐལ་བཟང་རྡོ་རྗེ་ལགས་རྣམ་གཉིས་ཀྱིས་བློན་ཆེན་ལས་ཁུངས་ཀྱི་འབྲེལ་ཡོད་ལས་བྱེད་དང་། དེ་བཞིན་རོགས་ཚོགས་ཀྱི་འབྲེལ་ཡོད་ལས་བྱེད་བཅས་དང་ལྷན་མཇལ་འཕྲད་ཞུ་རྒྱུའི་ལས་རིམ་བང་བསྒྲིགས་ཡོད། ཐེངས་འདིར་ཊོ་རོན་ཊོར་མི་མང་ཐུག་འཕྲད་དང་། དེ་རྗེས་ཨོ་ཊ་བར་ཁེ་ན་ཌའི་ཤེས་རིག་བློན་ཆེན་མཆོག་གིས་གཙོས་འབྲེལ་ཡོད་ལས་བྱེད་གཞན་ཚོར་བསྐྱར་དུ་འབོད་སྐུལ་ཞུ་རྒྱུའི་ལས་འཆར་ཡོད། སྐབས་དེར་དཔལ་ལྡན་སྲིད་སྐྱོང་མཆོག་ཀྱང་ཕེབས་རྒྱུ་རེད། ཊོ་རན་ཊོ་དང་། ཨོ་ཊ་བ་གཉིས་སུ་ཤེས་རིག་གིས་ལས་དོན་ཁག་གཅིག་མཇུག་སྐྱོང་ཆེད་དུ་ཡིན།
དེ་དང་ལྷན་དུ་དེ་སྔ་དཔལ་ལྡན་སྲིད་སྐྱོང་མཆོག་ཨ་རི་ཁུལ་གྱི་ས་གནས་ཁག་འགའ་ཤས་ནང་ཕེབས་ཡོད། འོན་ཀྱང་སྐབས་དེར་ཕེབས་མ་ཐུབ་པའི་ས་ཁུལ་ཤི་ཁ་གོ་དང་། མེ་ཌི་སོན། མི་ནེ་སོ་ཊ་ནང་ཐེངས་འདིར་ང་རང་ཕྱོགས་བསྐྱོད་འགྲོ་ཞོར་དུ་དེ་སྔ་ནས་འཆར་གཞི་ཡོད་པ་ལྟར་མི་མང་ལ་འཚམས་འདྲི་ཞུ་རྒྱུ་དང་སྦྲགས། གཟའ་མཇུག་སློབ་གྲྭ་ཁག་ལ་ལྟ་སྐོར་བྱ་རྒྱུ་སྔ་མོ་ནས་བང་བསྒྲིགས་ཡོད། དེར་བརྟེན་ཐེངས་འདིར་ང་རང་ཕྱོགས་བསྐྱོད་འདི་གཙོ་བོ་ཤེས་རིག་ལས་དོན་རང་གི་ཆེད་དུ་ཡིན། འོན་ཀྱང་ཁ་སང་གློ་བུར་དུ་འགྱུར་བ་ཕྱིན་པར་བརྟེན་མི་ནེ་སོ་ཊའི་ལས་འཆར་བར་དེ་སྔ་བང་བསྒྲིགས་པ་ལྟར་རང་འཇགས་ཐོག་ཝ་ཤིང་ཊོན་ཌི་སི་རུ་རྩིས་ལེན་རྩིས་སྤྲོད་ཆེད་ཕྱི་ཚེས་ ༢༧ ཉིན་འགྲོ་རྒྱུ་ཡིན།
གསར་འགོད་པས། བཀའ་བློན་མཆོག་གིས་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་ཀྱི་ལས་འགན་རྩིས་ལེན་ནམ་བཞེས་དང་སྤྲོད་དཔང་སུ་ཡིན་གྱི་དྲི་བར་ལན་འདེབས་གནང་དོན།
ཁ་སང་བཀའ་ཤག་གི་བཀའ་ཕེབས་པ་ལྟར་ན་ཕྱི་ཚེས་ ༢༧ ཉིན་རྩིས་བཞེས་དགོས། ཞེས་གསུངས་ཡོད། སྤྲོད་དཔང་དུ་ལྷོ་ཨ་རིའི་དོན་གཅོད་ཚེ་དབང་ཕུན་ཚོགས་ལགས་བསྐོ་གཞག་གནང་འདུག ཁོང་ལས་དོན་ཁག་གཅིག་འཕྲོ་སྐྱོང་ཞུ་དགོས་པ་ཆགས་སྟབས་ཕྱི་ཚེས་ ༢༧ ཉིན་གྱི་མཚན་མོ་མ་གཏོགས་ཕེབས་མ་ཐུབ་པའི་གནས་སྟངས་ཆགས་འདུག དེར་བརྟེན་ཕྱི་ཚེས་ ༢༨ ནས་ཝ་ཤིང་ཊོན་དུ་རྩིས་སྤྲོད་རྩིས་ལེན་འགོ་འཛུགས་བྱ་རྒྱུ་ཡིན། ལས་དོན་དངོས་གཞི་ནི་དཔལ་ལྡན་བཀའ་ཤག་ནས་ཕྱི་ཟླ་ ༡༢ ཚེས་ ༡ ཉིན་ནས་འགོ་འཛུགས་ཞུ་དགོས་ཞེས་བཀའ་ཕེབས་ལྟར་ཞུ་རྒྱུ་ཡིན།
གསར་འགོད་པས། བཀའ་བློན་མཆོག་ཐེངས་འདིར་ཕྱོགས་བསྐྱོད་ཟིན་མཚམས་འཕྲལ་མར་བཞུགས་སྒར་དུ་ཕྱིར་ཕེབས་གནང་དགོས་སམ། དགོས་ན་རྒྱུ་མཚན་གང་ཡིན་ནམ།
བཀའ་བློན་མཆོག་གིས། ད་ལྟའི་འཆར་རྩིས་ལེན་རྩིས་སྤྲོད་ཞུས་རྗེས་ཚུར་བཞུགས་སྒར་དུ་ཁྱུག་ཙམ་ཡོང་དགོས་པ་ཆགས་འདུག གང་ཡིན་བརྗོད་ན། ད་ལྟ་དཔལ་ལྡན་སྲིད་སྐྱོང་མཆོག་ཕྱོགས་བསྐྱོད་སྐབས་ཡིན་པར་བརྟེན། ཕྱོགས་བསྐྱོད་སྐབས་བཀའ་བློན་ལས་ཁུར་ནས་དགོངས་པ་ཞུ་རྒྱུ་ཕྲན་བུ་མ་འཚམས་པ་ལྟ་བུ་ཡོད་སྟབས་བཀའ་ཤག་ནས་ཚུར་གཅིག་ཡོང་ཐུབ་ན་ཞེས་གསུང་བྱུང་། དེར་བརྟེན་ད་ལྟའི་འཆར་གནས་སྟངས་འདི་འདྲ་ཞིག་ཐོག་ཡོད།
གསར་འགོད་པས། ཤེས་རིག་གི་ལས་དོན་གལ་ཆེ་དེ་དག་མཇུག་སྐྱོང་འཐུས་སྒོ་ཚང་བ་ཞིག་ཡོང་སླད་གྲ་སྒྲིག་ཇི་འདྲ་ཡོད་དམ།
བཀའ་བློན་མཆོག་གིས། ད་ལྟ་གསུང་པ་ལྟར་ཤེས་ཡོན་ལས་གཞི་འདི་ཧ་ཅང་གལ་ཆེན་པོ་ཡིན་པར་བརྟེན། གཙོ་བོ་བཀའ་ཤག་སྐབས་ ༡༤ དང་ ༡༥ གཉིས་ཀའི་ཐོག་དཔལ་ལྡན་སྲིད་སྐྱོ
འདི་ལྟ་བུའི་ཞབས་འདེགས་ཞུ་རྒྱུའི་གོ་སྐབས་ཐོབ་པ་འདི་ང་རང་ཧ་ཅང་སྐལ་བ་བཟང་པོ་བྱུང་བསམ་པ་དྲན་བཞིན་འདུག ཤེས་ཡོན་གྱི་ལས་འཆར་གལ་ཆེ་བ་ད་ལྟ་མཇུག་སྐྱོང་ཞུ་དགོས་པ་གང་ཡོད་བརྗོད་སྐབས། གློ་བུར་དུ་བོད་སློབ་འཛིན་སྐྱོང་ཚོགས་པའི་སློབ་གྲྭ་སྤྲོད་བསྡད་ཡོད་པ་ ༡༤ དེ་དག་མཇུག་སྐྱོང་བྱ་རྒྱུ་ལྷག་ཡོད།
འོན་ཀྱང་དེ་ཚོའི་ཐོག་ལ་རྒྱ་གར་དབུས་ཤེས་རིག་དྲུང་ཆེ་དང་། དེ་བཞིན་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ། ཁོང་རྣམ་པས་དེ་སྔ་ཞལ་བཞེས་གནང་བ་གཞིར་བཟུང་བྱས་ན་ཕྱི་ལོ་ ༢༠༡༨ ཕྱི་ཟླ་ ༣ ནང་ཚུན་ལ་རྩིས་ལེན་རྩིས་སྤྲོད་ཟིན་པ་བྱ་རྒྱུའི་ཞལ་བཞེས་ཆ་ཚང་ཡོད། འོན་ཀྱང་དེའི་ཐོག་ལ་ཤེས་རིག་ལས་ཁུངས་ཀྱི་དྲུང་ཆེ་དང་འབྲེལ་ཡོད་འགན་འཛིན་དང་ལས་བྱེད་ཡོད། ལྷག་པར་དཔལ་ལྡན་སྲིད་སྐྱོང་མཆོག་གིས་དེའི་ཐོག་ལ་ཐོག་མར་འགོ་འཛུགས་གནང་བ་ནས་བཟུང་ཐུགས་ཁུར་མུ་མཐུད་བཞེས་བཞིན་ཡོད། འདི་གལ་ཆེ་ཤོས་ཤིག་ཆགས་ཡོད། དེ་མིན་བར་ལམ་ང་ཚོས་ལས་འཆར་ཧ་ཅང་མང་པོ་ཞིག་འགོ་འཛུགས་པ་དེ་དག་མང་ཚོགས་ནས་མཁྱེན་བཞིན་ཡོད།
གཙོ་བོ་ང་ཚོའི་སྡེ་ཚན་འགན་འཛིན་རྣམ་པ་དང་། དྲུང་ཆེ་བཅས་ཚང་མས་མཉམ་རུབ་བྱས་ནས་འཆར་གཞི་ཡང་དེ་ལྟར་བཟོས་པ་རེད། ལག་བསྟར་གནང་མཁན་ཁོང་རྣམ་པ་ཚང་མ་ད་ལྟ་མུ་མཐུད་ཕྱག་ལས་གནང་བཞིན་ཡོད། དེར་བརྟེན་འགའ་ཤས་ཀྱིས་བཀའ་བློན་མེད་སྟབས་ད་ཇི་འདྲ་བྱེད་ཡོང་བསམ་པའི་སེམས་ཁྲལ་དང་ཐུགས་འཚབ་དེ་འདྲ་ཡོང་བཞིན་ཡོད་ས་རེད། ཕྱོགས་གཅིག་ནས་ལྟ་སྐབས་ཐུགས་ཁག་མེད་པ་ལྟ་བུ་རེད། འོན་ཀྱང་ལས་དོན་དེ་དག་མི་གཅིག་གིས་ཡོ་ལང་ཆེན་པོ་འཐེབ་རྒྱུ་དེ་འདྲ་མ་རེད། དེར་བརྟེན་རྐང་འགན་ཁུར་མཁན་སྡེ་ཚན་འགན་འཛིན་རྣམ་པ་དང་སློབ་གྲྭའི་སྡེ་ཚན་འགན་འཛིན་རྣམ་པས་འགན་འཁྱེར་བཞིན་ཡོད། སློབ་གྲྭའི་དགེ་རྒན་དང་ལས་བྱེད། སློབ་སྤྱི་ནས་བཟུང་ཚང་མས་དེའི་ཐོག་ལ་ཚོར་བ་ཞིག་བསླེབས་ནས་ཤུགས་རྒྱག་དགོས་འདུག་བསམས་ནས་ཡོད་སྟབས། ངས་དེར་དཀའ་ངལ་འཕྲད་རྒྱུ་རེད་བསམ་པ་དྲན་གྱི་མི་འདུག གཞི་རྐང་བཀའ་བློན་གསར་པ་ཕྱི་ཟླ་ ༣ གྲོས་ཚོགས་སྐབས་སུ་ཕེབས་མིན་ནི་གཙོ་བོ་དཔལ་ལྡན་སྲིད་སྐྱོང་མཆོག་གི་སྐུ་དབང་ཡིན་སྟབས་ཕེབས་སྲིད་པ་ཞིག་རེད། དེའི་བར་དེར་འགན་ཁུར་མཁན་དེ་བཀའ་བློན་གཞན་ཞིག་ཏན་ཏན་ཕེབས་མདོག་ཁ་པོ་རེད། ད་ལྟའི་ཆོས་རིག་བཀའ་བློན་མཆོག་ལ་མཚོན་ནའང་ཤེས་རིག་དྲུང་ཆེ་ཡུན་རིང་གནང་མྱོང་ཡོད། དེར་བརྟེན་བཀའ་ཤག་ནང་ནས་སུས་འགན་བཞེས་ཀྱང་སྐུ་ངལ་འཕྲད་ཀྱི་མ་རེད་བསམ་པ་ངས་དྲན་བཞིན་འདུག
གསར་འགོད་པས། ཁ་སང་བཀའ་བློན་མཆོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཐོན་མཇལ་ཞུ་སྐབས་བཀའ་སློབ་གཙོ་བོ་ཇི་ཕེབས་མདོར་ཙམ་ཞིག་གསུང་རོགས།
བཀའ་བློན་མཆོག་གིས། ༸སྐུ་མདུན་མཇལ་རྒྱུའི་གོ་སྐབས་ནམ་བྱུང་ཡང་ཧ་ཅང་སྐལ་བ་བཟང་པོར་རྩི་བཞིན་ཡོད། ང་རང་ཨ་རི་ནས་བཞུགས་སྒར་དུ་བསླེབས་ནས་ལོ་ ༦ ཙམ་སོང་བ་རེད། དེའི་ནང་ནས་བཀའ་བློན་གྱི་ལས་རྒྱུན་ལོ་བཞི་ཙམ་བྱས་པ་ཡིན། དེའི་རིང་ནམ་རྒྱུན་ཚོར་བའི་ནང་བསོད་ནམས་ཧ་ཅང་ཆེན་པོ་རེད་བསམ་པ་དྲན་གྱི་འདུག ༸གོང་ས་མཆོག་ཕྱི་ལ་ཆིབས་སྒྱུར་ནམ་སྐྱོང་སྐབས་མཛད་གཙོ་རྣམ་པ་༸རྒྱལ་བའི་གཟིམ་ཆུང་གི་ཕོ་བྲང་སྒོ་འགྲམ་དུ་ཕེབས་སྐྱེལ་ཞུ་རྒྱུ་དང་ཕེབས་བསུར་བཅར་རྒྱུའི་ལུགས་སྲོལ་ཞིག་ཡོད། ངས་དེ་ནི་དམིགས་བསལ་གྱི་ཆེ་མཐོང་ཆེན་པོ་ཞིག་ལ་ངོས་འཛིན་ཞུ་བཞིན་ཡོད། ཁ་སང་མཇལ་ཁ་ཧ་ཅང་ཡག་པོ་བྱུང་། བཀའ་སློབ་ཚང་མ་འདིར་ཞུ་དགོས་པ་མ་མཆིས། གཙོ་བོ་གཅིག་ལ་༸གོང་ས་མཆོག་གིས། ཁྱེད་རང་ཤེས་རིག་ནང་ལ་ཡུན་རིང་ལས་ཀ་བྱེད་པའི་ཉམས་མྱོང་ཡོད། དེར་བརྟེན་བྱང་ཨ་རིའི་ཁུལ་དུ་བོད་མི་ལོ་ན་གཞོན་པ་ཚོར་བོད་པའི་སྐད་ཡིག་གཙོ་བོར་གྱུར་པའི་ཆོས་དང་རིག་གཞུང་གི་ཞག་ཚིལ་བསླེབ་ཐབས་དང་གོ་རྟོགས་གཏིང་ཟབ་ཏུ་གཏོང་ཐབས་ཆེད་འབད་བརྩོན་གང་བྱེད་དགོས་པའི་ཐོག་དམིགས་བསལ་དོ་སྣང་བྱོས། ཞེས་བཀའ་ཕེབས་བྱུང་། འདི་མང་ཚོགས་དང་འབྲེལ་བ་ཡོད་པ་རེད། བཀའ་སློབ་གཞན་འདིར་དམིགས་བསལ་ཞུ་དགོས་པ་མེད། ཅེས་ལན་འདེབས་གནང་།།