༢༠༡༧ ཟླ་ ༡༡ ཚེས་ ༢༨ རེས་གཟའ་མིག་དམར།
༄༅། །འདི་གར་ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་ཁང་ནས་ཕྱི་ལོ་ ༢༠༡༧ ཟླ་ ༡༡ ཚེས་ ༢༨ ཉིན་བཏང་གནས་ནང་འཁོད་དོན། དེ་སྔོན་ཐེ་ཝན་གྲོས་ཚོགས་ཀྱི་འཆར་ལོའི་སྔོན་རྩིས་སྐབས་བོད་སོག་ལས་ཁུངས་ཀྱི་སྔོན་རྩིས་ཡོངས་སུ་བཀག་འགོག་གིས་ལས་དོན་དང་། ལས་བྱེད་རྣམས་ཕྱི་ཟླ་ ༩ ཚེས་ ༡༥ ཉིན་ལས་ཁུངས་གཞན་ནང་ཟླ་སྒྲིལ་བཏང་བ་རེད།
ཐེ་ཝན་གྱི་ཁྲིམས་ལུགས་ལྟར་ལས་ཁུངས་ཞིག་ཕྱིར་བསྡུ་བྱ་དགོས་པར་གྲོས་ཚོགས་ནས་ཐེངས་གཉིས་མང་མོས་དགོས་པ་དང་། གལ་སྲིད་ལས་ཁུངས་ཤིག་ཕྱིར་བསྡུ་བྱ་དགོས་པ་མ་ཚད། རྩ་ཁྲིམས་ཕུད་པའི་ལས་ཁུངས་ཀྱི་སྒྲིག་གཞི་དང་ཁྲིམས་ལུགས་སོགས་ཕྱིར་བསྡུ་བྱ་དགོས་ན་ངེས་པར་དུ་གྲོས་ཚོགས་ནང་མང་མོས་ཐེངས་གསུམ་འགྲོ་དགོས་པ་ལྟར།
དེ་རིང་སྔ་དྲོ་ཆུ་ཚོད་ ༡༡ ཐོག་ཐེ་ཝན་གྲོས་ཚོགས་ནང་བོད་དོན་རྒྱབ་སྐྱོར་གནང་མཁན་གྲོས་ཚོགས་འཐུས་མི་ལྕམ་ཁོ་ལཱ་སི་(Kolas) སོགས་ཀྱིས་བོད་སོག་ལས་ཁུངས་ཀྱི་སྒྲིག་གཞི་ཕྱིར་བསྡུ་དགོས་པའི་གྲོས་འཆར་རིམ་པ་གསུམ་པ་དེ་གྲོས་ཚོགས་ནང་བཏོན་པར། ངོ་ཡོད་འཐུས་མི་གྲངས་ ༩༥ ཡོད་ཁོངས་ནས་རྒྱབ་སྐྱོར་གྲངས་ ༦༥ དང་། ངོ་རྒོལ་གྲངས་ ༣༠ བཅས་བོད་སོག་ལས་ཁུངས་ཀྱི་སྒྲིག་གཞི་དངོས་སུ་ཕྱིར་བསྡུའི་ཁྲིམས་ལུགས་གཏན་འབེབས་བྱུང་།
ཐེ་ཝན་གྱི་རྩ་ཁྲིམས་ནི་རྒྱ་ནག་མི་སེར་རྒྱལ་ཁབ་སྐབས་ཀྱི་ཡིན་སྟབས། ད་ཆ་རྩ་ཁྲིམས་ནང་བོད་ཀྱི་རང་སྐྱོང་ལམ་ལུགས་མུ་མཐུད་འགན་སྲུང་དགོས་ཟེར་བ་ཙམ་ལས། དོན་དུ་འཛིན་སྐྱོང་ལས་ཁུངས་ཀྱི་སྒྲིག་འཛུགས་ཁོངས་བོད་སོག་ལས་ཁུངས་ཀྱི་སྒྲིག་འཛུགས་དང་། ལས་དོན་སོགས་ཚང་མ་ཉིན་མ་དེ་རིང་ནས་གཙང་མ་ཆགས་ཡོད།
དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་གསུང་དོན། ང་ཚོས་ཐེ་ཝན་གཞུང་གི་ཐག་གཅོད་དེར་དགའ་བསུ་ཞུ་རྒྱུ་ཡིན། བོད་སོག་ལས་ཁུངས་ཟེར་བ་དེ་ནི་ཐེ་བོད་མི་རིགས་གཉིས་དབར་འཁོན་འཛིན་དང་མཐོང་ཕྱོགས་གཟོ་གཞིའི་གནད་དོན་ཞིག་ཡིན། ང་རང་སྒེར་ལ་མཚོན་ནའང་མཐོ་སློབ་འགྲིམ་བཞིན་པའི་དུས་སྐབས་ནས་ལས་ཁུངས་དེར་ངོ་རྒོལ་བྱེད་མཁན་ཞིག་ཡིན། དེར་བརྟེན་དེ་རིང་ལས་ཁུངས་དེ་སྒོ་བརྒྱབ་པ་ཤེས་སྐབས་ཧ་ཅང་དགའ་པོ་བྱུང་། ཞེས་གསུངས།
དེ་ཡང་ལྕམ་སྐུ་ཀོ་ལ་སི་ཡོ་ཊ་ཀ་ Kolas Yotaka མཆོག་ནི་ཐེ་ཝན་མང་གཙོ་ཡར་ཐོན་ཚོགས་པའི་གྲོས་ཚོགས་འཐུས་མི་ཡིན་ཞིང་། སྐུ་ཞབས་ཕི་ཊི་རིག་ལིམ་ Freddy Lim མཆོག་ནི་ཐེ་ཝན་དུས་རབས་ཀྱི་སྟོབས་ཤུགས་ཚོགས་པའི་ New Power Party གྲོས་ཚོགས་འཐུས་མི་ཡིན། ལྕམ་སྐུ་ཀོ་ལ་སི་ཡོ་ཊ་ཀ་ Kolas Yotaka མཆོག་ལྟ་བུར་མཚོན་ན་བོད་སོག་ལས་ཁུངས་སྒོ་བརྒྱག་དགོས་པའི་གྲོས་འཆར་འདོན་མཁན་གྲས་ཡིན་ཞིང་། འདི་ལོའི་ཕྱི་ཟླ་ ༡༠ ནང་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱི་གོ་སྒྲིག་ཞུས་པའི་ལྔ་དང་ལྔ་བཅུའི་འཆར་སྣང་ལྷན་ཚོགས་ཐོག་ཕེབས་པ་མ་ཟད། ལྷན་ཚོགས་ཀྱི་མཇུག་སྡོམ་གསུང་བཤད་གནང་སྐབས་བོད་སོག་ལས་ཁུངས་ཟླ་བ་གཉིས་ལས་དུས་ཚོད་ཉུང་བའི་ནང་ཚུད་ལ་སྒོ་བརྒྱག་རྒྱུ་ཡིན་སྐོར་སྔོན་བརྡ་བཏང་གནང་ཡོད། །