༢༠༡༧ ཟླ་ ༡༡ ཚེས་ ༡༨ རེས་གཟའ་སྤེན་པ།
༄༅། །འདི་བྱང་ཨ་རི་སྐུ་ཚབ་དོན་ཁང་ནས་བཏང་གནས་ནང་འཁོད་དོན། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན་དུ་ཡོད་པའི་སྤྱི་དམངས་སྟོབས་ཤུགས་ཚོགས་པས་ཉི་ཧོང་གི་རྒྱལ་ས་ཀྲོག་ཁྱོར་བསྐོང་ཚོགས་བྱས་པའི་མི་རིགས་འདྲ་མིན་གྱི་གཞོན་སྐྱེས་འགོ་ཁྲིད་ཟབ་སྦྱོང་ཚོགས་འདུ་ཐེངས་ ༡༢ པ་ ༢༠༡༧ ཟླ་བ་ ༡༡ ཚེས་ ༡༧ ཉིན་མཇུག་སྒྲིལ་ཡོད། ཚོགས་འདུར་ས་གནས་ཁག་འདྲ་མིན་ནས་མི་ ༧༠ ཙམ་ཕེབས་ཡོད་པ་དང་། མང་ཆེ་བ་རྒྱ་རིགས་གཞོན་སྐྱེས་ཡིན་ཞིང་། རྒྱ་རིགས་དེ་ཚོ་ནི་ཧོང་ཀོང་དང་། ཐེ་ཝན། མ་ཁའོ། རྒྱ་ནག ཉི་ཧོང་། ཨོ་སི་ཀྲོ་ལི་ཡ། འཇི་ནི་ཝ་ནས་ཡིན་པ་དང་། རྒྱ་ནག་སྐམ་ས་ཆེན་པོ་ནས་ཚོགས་བཅར་བ་གཉིས་ཡོད་པ་རེད། ཨོ་སི་ཀྲོ་ལི་ཡ་ནས་སྤྱི་འཐུས་གདོང་འདུས་སྐྱིད་འཛོམས་ལགས་དང་། གཞན་ཕན་ལགས། ཚེ་དབང་ཐུབ་བསྟན་ལགས། རྒྱ་གར་ནས་ཕྱི་འབྲེལ་རྒྱ་ཡིག་ཚན་པ་ནས་འགན་འཛིན་བསྟན་འཛིན་བདེ་ལྡན་ལགས་དང་། འཇམ་དབྱངས་ལགས། སྤྱི་འཐུས་བློ་བཟང་གྲགས་པ་ལགས་དང་། བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་དྲུང་ཆེ་ཀུན་བཟང་སྟོབས་ལྡན་ལགས་བཅས་ཕེབས་ཡོད།
བྱང་ཨ་རིའི་སྐུ་ཚབ་དོན་གཅོད་ཁང་གི་རྒྱ་རིགས་འབྲེལ་མཐུད་པ་ཀུན་དགའ་བཀྲིས་ལགས་ནས་ཚོགས་འདུ་ཉིན་དང་པོའི་ཚོགས་ཐེངས་གཅིག་ལ་བོད་དོན་སྐོར་གསུང་བཤད་གནང་ཡོད། ཚོགས་འདུ་བ་མང་ཆེ་བ་རྒྱ་རིགས་གཞོན་སྐྱེས་ཡིན་སྟབས་གཏམ་བཤད་ཀྱི་ནང་དོན་གཙོ་བོར། ཕྱི་ལོ་ ༡༩༤༩ གོང་བོད་ཀྱི་གནད་དོན་ཟེར་བ་མེད་པ་དང་། ༡༩༥༩ ལོར་༧གོང་ས་མཆོག་གིས་དབུས་བོད་མི་རྣམས་རྒྱ་གར་བཙན་བྱོལ་དུ་ཕེབས་དགོས་པའི་རྒྱུ་མཚན། ལོ་རྒྱུས་ཐོག་བོད་རྒྱ་ཁོངས་མ་ཡིན་པ། ༡༩༥༩ ནས་ ༡༩༧༤ བར་རང་བཙན་སླར་གསོའི་ལངས་ཕྱོགས་བཟུང་ཡང་ ༡༩༧༤ ནས་ད་བར་དབུ་མའི་ལམ་གྱི་སྲིད་བྱུས་བཟུང་བཞིན་ཡོད་པ། གཉིས་སྨན་དབུ་མའི་ལམ་བྱུང་རིམ། བོད་མིས་རང་ལུགས་མེར་སྲེག་གཏོང་དགོས་དོན་གང་ཡིན་པ།་ གཞིས་ལུས་བོད་མིའི་སེམས་ཤུགས་དང་། བོད་མིའི་སྒྲིག་འཛུགས་ཀྱི་དབུ་ཁྲིད། རྒྱལ་སྤྱིའི་རྒྱབ་སྐྱོར་བཅས་ནི་བོད་དོན་མ་ཤི་བར་གསོན་པོར་གནས་ཐུབ་པའི་རྒྱུ་མཚན་གཙོ་བོ་ཡིན་པ་བཅས་ཀྱི་སྐོར་ལ་རྒྱས་བཤད་མེད་པར་སྙིང་བསྡུས་གོ་བདེའི་ལམ་ནས་འགྲེལ་བརྗོད་གནང་།
ཉི་ཧོང་དང་ཤར་ཨེ་ཤ་ཡའི་སྐུ་ཚབ་དོན་གཅོད་ལུང་རྟོགས་ལགས་དང་། སྤྱི་འཐུས་རྣམ་པ་གཉིས་ནས་དབུ་འབྱེད་མཛད་སྒོར་འཚམས་འདྲིའི་གསུང་བཤད་གནང་། སྤྱི་དམངས་སྟོབས་ཤུགས་ཚོགས་པའི་འགན་འཛིན་ཡང་ཅན་ལི་(Yang Jianli)ཡིས་སྔ་ས་ནས་རེ་འདུན་གནང་བ་བཞིན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་བརྙན་འཕྲིན་གྱི་གསུང་འཕྲིན་ཞིག་སྩལ་ཡོད་པ་དེ་དབུ་འབྱེད་མཛད་སྒོར་བསྟན་པར་ཚོགས་འདུ་བ་ཚང་མ་ཧ་ཅང་གི་དགའ་པོ་བྱུང་།
ཚོགས་འདུ་ཉིན་མཐའ་མར་ཕྱི་འབྲེལ་རྒྱ་ཡིག་ཚན་པའི་འགན་འཛིན་བསྟན་འཛིན་བདེ་ལྡན་ལགས་ནས་ཚོགས་འདུ་གྲ་སྒྲིག་གནང་མཁན་ལ་ཐུགས་རྗེ་ཆེ་ཞུས་པ་དང་། བོད་ནང་དུས་ད་ལྟ་ཡང་དཀའ་ངལ་སྣ་ཚོགས་ཡོད་པ་སྙིང་བསྡུས་འགྲེལ་བརྗོད་དང་ཆབས་ཅིག ཚང་མས་སྔར་བཞིན་བོད་དོན་ལ་རྒྱབ་སྐྱོར་ཡོང་བའི་འབོད་བསྐུལ་ཞུས་ཡོད་པ་རེད།
ཚེས་ ༡༧ ཉིན་གྱི་ཚོགས་འདུ་མཇུག་སྡོམ་མཛད་སྒོར་སྐུ་ཞབས་ཡང་ཅན་ལི་ནས་ཚོགས་འདུའི་མཚོན་རྟགས་ཤིག་སྤྱི་འཐུས་སྐྱིད་འཛོམས་ལགས་སུ་གནང་སྟེ། ཚོགས་འདུ་ཐེངས་ ༡༣ པ་དེ་ཨོ་སི་ཀྲོ་ལི་ཡར་འཚོག་རྒྱུ་མཚོན་པར་གནང་བ་དང་། སྤྱི་འཐུས་སྐྱིད་འཛོམས་ལགས་ནས་མཇུག་སྡོམ་གསུང་བཤད་གནང་སྟེ་ཚོགས་འདུ་གྲོལ།