༢༠༡༧ ཟླ་ ༡༡ ཚེས་ ༢༤ རེས་གཟའ་པ་སངས།
༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཌེན་མག་མཐོ་སློབ་འདྲ་མིན་ནང་སློབ་གཉེར་གནང་བཞིན་པའི་སློབ་ཕྲུག་རྣམས་ལོ་ལྟར་ (Tibet Hope Center) ཚོགས་པ་བརྒྱུད་བོད་མིའི་སྒྲིག་འཛུགས་ཀྱི་བསྟི་གནས་བཞུགས་སྒར་དུ་བོད་མིའི་ཆབ་སྲིད་ཀྱི་གནད་དོན་དང་། བོད་མིའི་རིག་གཞུང་སོགས་གོ་རྟོགས་ཆེད་ཕེབས་སྲོལ་ཡོད་པ་བཞིན། ཕྱི་ལོ་ ༢༠༡༧ ཟླ་ ༡༡ ཚེས་ ༢༣ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠།༣༠ ཐོག་སློབ་གཉེར་བ་ཁག་གཅིག་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་ཕེབས་པར་དཔལ་ལྡན་ཚོགས་གཞོན་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་ནས་མཇལ་འཕྲད་གནང་ཡོད།
མཇལ་འཕྲད་སྐབས་དཔལ་ལྡན་ཚོགས་གཞོན་མཆོག་ནས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ་ཁོང་རྣམས་འདིར་ཕེབས་པར་འཚམས་འདྲི་དང་སྦྲགས། བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་གྱི་སྐོར་དང་། འདས་པའི་བོད་ཀྱི་ལོ་རྒྱུས་རྒྱབ་ལྗོངས་ངོ་སྤྲོད། ད་ལྟའི་བོད་ནང་གི་གནས་སྟངས་སྤྱི་དང་བཙན་བྱོལ་བོད་མིའི་གནས་བབ། འབྱུང་འགྱུར་བོད་རྒྱ་ཞི་འགྲིག་ཡོང་ཐབས་བོད་མིའི་སྒྲིག་འཛུགས་ནས་ནུས་ཤུགས་ཇི་ཡོད་འདོན་བཞིན་ཡོད་པའི་སྐོར། དེ་བཞིན་འཛམ་གླིང་ནང་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་། མི་མང་བོད་དོན་རྒྱབ་སྐྱོར་ཚོགས་པ་བཅས་མི་འདྲ་བ་གཉིས་ཡོད་པའི་སྐོར། ལྷག་པར་དུ་ཕྱི་ལོ་ ༢༠༠༨ རྒྱལ་སྤྱིའི་ཨོ་ལོམ་སྦིག་རྩེད་འགྲན་སྐབས་ཌེན་མག་ནས་བོད་དོན་ཆེད་ལས་འགུལ་འདྲ་མིན་སྤེལ་བར་ཐུགས་རྗེ་ཆེ་ཞུས་གནང་བ་མ་ཟད། ཉེ་ཆར་དཔལ་ལྡན་སྲིད་སྐྱོང་མཆོག་ཌེན་མག་ཏུ་ཕེབས་སྐབས་གྲོས་ཚོགས་འཐུས་མི་སོགས་མཇལ་འཕྲད་བྱུང་བའི་སྐོར་སོགས་གསུང་གནང་ཡོད། དེ་ནས་ཚོགས་གཞོན་མཆོག་ནས་ཁོང་རྣམས་ནས་མ་འོངས་པར་བོད་དོན་ཐོག་རྒྱབ་སྐྱོར་གང་ཐུབ་གནང་སྐྱོང་ཡོང་བའི་འབོད་སྐུལ་ཡང་ཞུས་གནང་བ་བཅས་ཀྱི་གནས་ཚུལ་དུ། །