༢༠༡༧ ཟླ་ ༡༡ ཚེས་ ༡༨ རེས་གཟའ་སྤེན་པ།
༄༅། །ཉི་ཧོང་དུས་བབ་ The Japan Times ནང་སྤེལ་བའི་གནས་ཚུལ་ལྟར་ན།
དེ་རིང་ཞོགས་པ་བོད་ནང་གི་ཆུ་ཚོད་ ༦།༣༤ ཐོག་བོད་རང་སྐྱོང་ལྗོངས་ཉིང་ཁྲི་ས་ཁུལ་སྨིན་གླིང་རྫོང་དུ་ས་ཡོམ་ཤུགས་ཚད་ ༦.༣ ཅན་ཞིག་བརྒྱབ་འདུག ཤུགས་ཚད་དེ་ཨ་རིའི་ས་གཤིས་དཔྱད་རིག་པས་ United States Geological Survey བརྗོད་པ་ཞིག་དང་། ཉིང་ཁྲི་ས་གནས་ལས་ཁུངས་ནས་དྲ་རྒྱའི་ཐོག་ས་ཡོམ་རྒྱག་སའི་ལྟེ་གནས་དེ་མི་མེད་ལུང་སྟོང་ཡིན་པ་བཤད། རྒྱ་ནག་གཞུང་འབྲེལ་ཤིངཧྭ་གསར་འགྱུར་ནས་གནས་ཚུལ་སྤེལ་བ་ལྟར་ན། ས་ཡོམ་གྱི་ཤུགས་རྐྱེན་ལ་བརྟེན་ནས་ཉེ་འགྲམ་གྲོང་གསེབ་ཁག་གཅིག་གི་གློག་ལ་སྐྱོན་བརྒྱབ་སྟེ་གློག་མེད་པ་དང་། གྲོང་གསེབ་ཀྱི་ཁང་པ་ཁག་གཅིག་ལ་ཕྲན་བུ་གཏོར་སྐྱོན་བྱུང་བ་དེ་དག་ལ་གཞུང་གི་ཛ་དྲག་ངལ་སེལ་རུ་ཁག་བཏང་ནས་རྟོག་ཞིབ་བྱེད་མུས་ཡིན་པ་བཤད།
ཉི་ཧོང་དུས་བབ་ནང་ས་ཡོམ་གྱི་ལྟེ་གནས་ས་ཁུལ་དེ་རྒྱ་གར་བྱང་ཤར་ཨ་རུ་ནཱ་ཅལ་པར་དེ་ཤི་མངའ་སྡེའི་ཏེ་ཛུ་ Tezu དང་། པ་སི་གྷཌ་ Pasighat ནས་སྤྱི་ལེ་ ༢༥༠ ཡོད་པ་ཨ་རིའི་ས་གཤིས་དཔྱད་རིག་པས་བརྗོད།
འོན་ཀྱང་རྒྱ་ནག་ས་ཡོམ་དྲ་བའི་གནས་ཚུལ་ལྟར་ན། དེ་རིང་ཞོགས་པར་བོད་ནང་གི་ཆུ་ཚོད་ ༦/༣༠ ཙམ་ལ་བོད་རང་སྐྱོང་ལྗོངས་ཉིང་ཁྲི་ས་ཁུལ་སྨིན་གླིང་རྫོང་དུ། ཚད་རིམ་ ༦།༩ ཅན་གྱི་ས་ཡོམ་བྱུང་ཡོད་པ་དང་། ཞོགས་པའི་ཆུ་ཚོད་ ༦ པ་ནས་ ༡༡། ༣༦ བར་ཉིང་ཁྲི་ས་ཁུལ་སྨིན་གླིང་རྫོང་དང་བྲག་ཡིབ་ཁུལ་དུ་ཚད་རིམ་ ༣ ཡན་ཆད་ཀྱི་ས་ཡོམ་ཐེངས་བདུན་བྱུང་ཡོད་པ་བཤད།
དེ་ཡང་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་ད་ལྟ་ཁེ་ན་ཌའི་རྒྱལ་སྤྱིའི་བདེ་འཇག་ལྷན་ཚོགས་ Halifax Security Forum ཞེས་པར་མཉམ་ཞུགས་གནང་བཞིན་ཡོད་སྐབས་དང་བསྟུན། ཐེངས་འདིར་བོད་ཀྱི་ས་ཁུལ་ནང་ས་ཡོམ་བྱུང་བའི་གནས་ཚུལ་ཐོན་སྐབས་སེམས་འཚབས་དང་སྦྲགས་གསུང་དོན།
ད་ལྟ་ང་ཚོས་ས་ཡོམ་གྱི་གོད་ཆག་དེས་ཡུལ་མི་ཚོར་གནོད་འཚེ་ཇི་ཙམ་ཕོག་མིན་གྱི་གནས་ཚུལ་གང་བྱུང་མིན་སྒུག་ནས་སྡོད་བཞིན་པའི་སྐབས་འདིར་ངས་ཡུལ་མིའི་ཚེ་སྲོག་ལ་གནོད་སྐྱོན་དང་རྨས་སྐྱོན་རིགས་གང་ཡང་བྱུང་མེད་པར་ཤོག ཅེས་སེམས་གཏིང་ནས་སྨོན་ལམ་རྒྱག་བཞིན་ཡོད། ལྷག་པར་ཉིང་ཁྲི་ས་ཁུལ་བོད་རིགས་སྤུན་ཟླ་རྣམས་ཀྱིས་རང་བྱུང་གོད་ཆག་གི་དཀའ་ངལ་གློ་བུར་དུ་འཕྲད་པའི་སྐབས་འདིར་སྙིང་སྟོབས་མ་ཞུམ་པར་གནས་ཐུབ་རྒྱུའི་རེ་བ་དང་ཡིད་ཆེས་ཞུ་བཞིན་ཡོད། ཅེས་གསུངས།།