༢༠༡༧ ཟླ་ ༡༡ ཚེས་ ༢༡ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༡༡ ཚེས་ ༡༦ ཉིན་ཡུ་རོབ་གྲོས་ཚོགས་ནང་ཡུ་རོབ་སྤྱི་མཐུན་ཚོགས་པའི་སྒྲིག་འཛུགས་དང་རྒྱ་ནག་དབར་ཡུལ་སྐོར་སྤྲོ་འཆམ་གྱི་ཚོང་འབྲེལ་ལྷན་ཚོགས་ཐོག་ཡུ་རོབ་གྲོས་ཚོགས་འཐུས་མི་ལྕམ་སྐུ་མོ་ལེ་སི་ཀོཌ་ཀེ་ཏོ་ Molly Scott-Cato མཆོག་དང་། ས་བྷ་སོ་གོར་ Csaba Sogor མཆོག་རྣམ་གཉིས་ཀྱིས་ཚོར་ཤུགས་ཆེན་པོའི་ཐོག་ནས་བོད་དོན་གླེང་སློང་གནང་འདུག
སྐབས་དེར་མོ་ལེ་སི་ཀོཌ་ཀེ་ཏོ་མཆོག་གིས་རྒྱ་ནག་གཞུང་གིས་བོད་ནང་དུ་བོད་མིའི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་མེད་རྡོག་རོལ་མུ་མཐུད་གཏོང་བཞིན་པའི་སྐབས་འདིར་ང་ཚོས་ཡུལ་སྐོར་སྤྲོ་འཆམ་ཚོང་འབྲེལ་དེ་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ལས་གལ་ཆེ་བརྩི་དགོས་པའི་རྒྱུ་མཚན་གང་ཡིན། ཞེས་གསུང་པ་མ་ཟད། པེ་ཅིང་སྲིད་གཞུང་གིས་༸གོང་ས་ཏཱ་ལའི་བླ་མ་མཆོག་གི་སྐུ་ཚབ་དང་ལྷན་གྲོས་མོལ་བསྐྱར་གསོ་ཞུ་དགོས། ཞེས་ཚོར་ཤུགས་ཆེན་པོས་གསུངས།
ཕྱོགས་མཚུངས་སྐུ་ཞབས་སོ་གོར་ Mr Sogor མཆོག་གིས་སྐབས་དེར་གྲོས་ཚོགས་ནང་རྒྱ་ནག་གཞུང་གིས་བོད་ནང་གི་བོད་མི་ཚོའི་འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་ཇི་ལྟར་གཏོང་བཞིན་ཡོད་པ་ཞིབ་ཕྲ་གསལ་བཤད་གནང་བ་མ་ཟད། ཁོང་གིས་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་སྐོར་ལ་ཚིག་གཅིག་ཀྱང་མ་གླེང་བར་རྒྱ་ནག་གཞུང་དང་ལྷན་ཡུལ་སྐོར་སྤྲོ་འཆམ་གྱི་ཚོང་འབྲེལ་གོང་མཐོར་གཏོང་རྒྱུའི་གོ་སྐབས་སྲུང་བརྩི་བྱ་རྒྱུ་ནི་ཡུ་རོབ་སྤྱི་མཐུན་ཚོགས་པའི་སྒྲིག་འཛུགས་ཀྱི་གཞི་རྩའི་ལྟ་གྲུབ་སྤྱི་དང་ལྷག་པར་ཕྱི་འབྲེལ་སྲིད་བྱུས་ཀྱི་ལངས་ཕྱོགས་དང་ཡོངས་སུ་མ་འཚམས་པ་ཞིག་ཡིན་སྐོར་གསུངས།
ལྕམ་སྐུ་མོ་ལེ་སི་ཀོཌ་ཀེ་ཏོ་ Molly Scott-Cato མཆོག་ནི་ཡུ་རོབ་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཞོན་ཡིན་ཞིང་། སྐུ་ཞབས་ས་བྷ་སོ་གོར་ Csaba Sogor མཆོག་ནི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་ཡིན་འདུག སྤྱིར་ཁོང་རྣམ་གཉིས་ལོ་མང་རིང་ནས་ཡུ་རོབ་གྲོས་ཚོགས་ནང་བོད་དོན་སྐོར་གླེང་སློང་གནང་མཁན་ཤུགས་ཆེ་ཤོས་ཡིན་འདུག་པ་བཅས།།