༢༠༡༧ ཟླ་ ༡༡ ཚེས་ ༡༦ རེས་གཟའ་ཕུར་བུ།
༄༅། །དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་ཡུ་རོབ་ཁུལ་དུ་གཞུང་འབྲེལ་ཕྱོགས་ཕེབས་ཉིན་མཐའ་མའི་ཉིན་སུ་ཝི་ཌེན་བོད་རིགས་མཐུན་ཚོགས་ Svenska Tibet Komitten བཙུགས་ནས་ལོ་ངོ་ ༥༠ འཁོར་བའི་དུས་དྲན་མཛད་སྒོར་མཉམ་ཞུགས་གནང་བ་མ་ཟད། སོ་ཊོག་ཁོམ་མཐོ་སློབ་ནང་བོད་དོན་སྐོར་གསུང་བཤད་དང་དྲི་བ་ཁག་ལ་ལན་འདེབས་ཞིབ་ཕྲ་གནང་འདུག ལྔ་བཅུའི་དུས་དྲན་སྐབས་གཙུག་ལག་སློབ་དཔོན་སྐུ་ཞབས་ཇེན་ཨེན་ཌར་སོན་ལགས་ ༼ཚོགས་པ་ཐོག་མར་གསར་འཛུགས་གནང་མཁན་འགན་འཛིན་གཞོན་པ།༽ ཀྱིས་གཙོས་ཚོགས་མི་གསར་རྙིང་ལྷན་འཛོམས་ཐོག་ས་གནས་བོད་རིགས་ཚོགས་པའི་ཚོགས་མི་བཅས་ཕེབས་འདུག
སྐབས་དེར་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཚོགས་མི་ཡོངས་ལ་ཐུགས་རྗེ་ཆེ་ཞུའི་འཚམས་འདྲི་གནང་བ་དང་སྦྲགས། ད་བར་བོད་མིའི་རྩ་དོན་ཆེད་ལྷག་བསམ་རྣམ་དག་ཐོག་ནས་ཕྱག་ལས་གནང་བར་ཡི་རངས་བསྔགས་བརྗོད་དང་ལྷན། བོད་མིའི་སྒྲིག་འཛུགས་ནས་ཐུགས་རྗེ་ཆེ་ཞུའི་ཕྱག་ཁྱེར་རེ་ཕུལ་འདུག
སྤྱིར་ཉིན་དེའི་སྔ་དྲོ་ཐོག་མར་སྲིད་སྐྱོང་མཆོག་གིས་སུ་ཝི་ཌེན་ཡུལ་གྱི་གསར་ཤོག་གྲགས་ཅན་སྒྲ་གྷན་སི་ནཧེ་ཌར་ Dagens Nyheter ཞེས་པའི་བཅར་འདྲི་དང་ལེན་གནང་བ་མ་ཟད། དེ་རྗེས་བདུན་རེའི་རླུང་འཕྲིན་ལས་རིམ་ Asia Calling ཞེས་པའི་བཅར་འདྲི་དང་ལེན་གནང་འདུག རླུང་འཕྲིན་དེས་ཨེ་ཤི་ཡའི་ནང་ཆབ་སྲིད་ཀྱི་འཕོ་འགྱུར་སོགས་བརྒྱུད་གྲགས་གནང་བཞིན་ཡོད།
བཅར་འདྲི་ལས་རིམ་ཁག་གྲུབ་རྗེས་དཔལ་ལྡན་སྲིད་སྐྱིད་སྐྱོང་མཆོག་གིས་སི་ཊོག་ཁོམ་གཙུག་ལག་སློབ་གྲྭའི་ University of Stockholm དགེ་ལས་སློབ་ཕྲུག་གྲངས་ ༥༠ བརྒལ་བར་བོད་དང་རྒྱ་ནག་སྐོར་གསུང་བཤད་གནང་འདུག གསུང་བཤད་ཀྱི་བརྗོད་གཞི་དང་འབྲེལ་ནས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་དེང་སྐབས་རྒྱལ་སྤྱིའི་ཁྱོན་དུ་ཆབ་སྲིད་དང་དྲག་པོའི་སྟོབས་ཤུགས། དེ་བཞིན་དཔལ་འབྱོར་གནས་སྟངས་ཐོག་ནས་རྒྱ་ནག་ཡར་རྒྱས་ཧ་ཅང་འགྲོ་བཞིན་པའི་སྐབས་འདིར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་བོད་ཀྱི་གནད་དོན་ལ་རྒྱབ་སྐྱོར་གནང་ཕྱོགས་སྐོར་གསུང་བཤད་གནང་།
དེ་ཡང་ས་གནས་བོད་རིགས་ཚོགས་པའི་ཚོགས་གཙོ་དང་སྲིད་སྐྱོང་། ལས་རིམ་གོ་སྒྲིག་གཙོ་འགན་བཞེས་མཁན་འཇམ་དབྱངས་ཆོས་སྒྲོན་ལགས་ཀྱིས་དཔལ་ལྡན་སྲིད་སྐྱོང་མཆོག་གི་འཚམས་གཟིགས་ལམ་ལྷོང་ཧ་ཅང་བྱུང་བའི་སྐོར་གསུང་དོན། ང་ཚོ་ས་གནས་བོད་རིགས་ཚོགས་པ་དང་སུ་ཝི་ཌེན་བོད་རིགས་མཐུན་ཚོགས་གཉིས་ཐེངས་འདིར་དཔལ་ལྡན་སྲིད་སྐྱོང་མཆོག་ས་གནས་སུ་ཕེབས་སྐབས་གྲ་སྒྲིག་མི་དམན་ཙམ་ཞུ་ཐུབ་པར་ཧ་ཅང་དགའ་སྤོབས་དང་ཆེ་མཐོང་ཐོབ་པ་ཞིག་བྱུང་། སྲིད་སྐྱོང་མཆོག་སུ་ཝི་ཌེན་ནང་མཛད་བྲེལ་ཧ་ཅང་ཆེན་པོ་བྱུང་ཡོད། ལྷག་པར་ཁོང་གི་བོད་དོན་སྐོར་དང་བོད་མིའི་སྒྲིག་འཛུགས་སྐོར་སོགས་གསུང་བཤད་ཁག་ལ་ཕྱི་ནང་མི་མང་ཚོས་དོ་སྣང་ཧ་ཅང་གནང་སོང་། དེར་བརྟེན་འབྱུང་འགྱུར་ཡུལ་འདིའི་ནང་བོད་ཀྱི་གནད་དོན་ཐོག་དོ་སྣང་ཤུགས་ཆེ་རུ་འགྲོ་ངེས་ཡིན་པ་མ་ཟད། བོད་མིའི་བདེན་པའི་འཐབ་རྩོད་ལའང་རྒྱབ་སྐྱོར་ཤུགས་ཆེ་རུ་འགྲོ་རྒྱུ་རེད་བསམ་པའི་ང་ལ་རེ་བ་ཤུགས་ཆེན་པོ་ཞིག་བྱུང་། ཞེས་གསུངས། །