༢༠༡༧ ཟླ་ ༡༡ ཚེས་ ༡༥ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༡༡ ཚེས་ ༡༤ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་སུ་ཝི་ཌེན་ Sweden གྲོས་ཚོགས་ནང་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་རྣམས་ལ་གསུང་བཤད་གནང་འདུག དེ་ཡང་སྲིད་སྐྱོང་མཆོག་ཡུལ་དེའི་རྒྱལ་ས་སི་ཊོག་ཁོམ་ Stockholm ནང་ཕེབས་འབྱོར་མཚམས་ཐོག་མར་གསར་འགྱུར་ཚན་པ་ Svenska Dagbladet སོགས་ཀྱི་དྲི་བར་ལན་འདེབས་གནང་བ་མ་ཟད། གསར་ཤོག་དུས་དེབ་གྲགས་ཅན་ Gränslöst ཞེས་པའི་བཅར་འདྲི་དང་ལེན་གནང་འདུག ཉིན་གུང་བརྙན་འཕྲིན་གསར་འགྱུར་ཚན་པ་ OmVärlden ཞེས་པའི་བཅར་འདྲི་དང་ལེན་གནང་།
དེ་ཉིན་གྱི་ཉིན་གུང་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་མི་དང་། སུ་ཝི་ཌེན་བོད་རིགས་མཐུན་ཚོགས་བཅས་ཀྱི་གོ་སྒྲིག་འོག་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཡུལ་དེའི་གྲོས་ཚོགས་ Riksdag ནང་གྲོས་ཚོགས་འཐུས་མི་རྣམས་ལ་གསུང་བཤད་གནང་འདུག སྐབས་དེར་ལྗང་ཁུ་ཚོགས་པའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཀཱལ་ཤིལ་ཊར་ Mr Carl Shylter མཆོག་ཕེབས་པ་མ་ཟད། ཚོགས་འདུའི་ནང་དབུ་བཞུགས་གནང་ཡོད། ཁོང་ནི་བཞུགས་སྒར་དུ་བོད་མིའི་མང་གཙོའི་དུས་དྲན་ཐེངས་ ༥༧ ཐོག་སུ་ཝི་ཌེན་གྲོས་ཚོགས་འཐུས་མི་ལས་གྲུབ་པའི་ཚོགས་ཆུང་ཞིག་སྣེ་ཁྲིད་གནང་འདུག སྲིད་སྐྱོང་མཆོག་གི་གསུང་བཤད་ལ་གྲོས་ཚོགས་འཐུས་མི་རྣམས་ཀྱིས་དགའ་མོས་ཧ་ཅང་གནང་འདུག
ཕྱི་དྲོར་དཔལ་ལྡན་སྲིད་སྐྱོང་མཆོག་གིས་སུ་ཝི་ཌེན་བོད་རིགས་མཐུན་ཚོགས་དང་ས་གནས་བོད་རིགས་ཚོགས་པ་གཉིས་ཀྱིས་གོ་སྒྲིག་འོག་མང་ཚོགས་ཀྱི་གཏམ་བཤད་སྤེལ་སྐབས་སུ་ཝི་ཌེན་བོད་རིགས་མཐུན་ཚོགས་ཀྱི་ཚོགས་གཙོ་མཆོག་གིས་གཙོས་ཁྱོན་མི་གྲངས་ ༩༠ ཙམ་མཉམ་ཞུགས་གནང་འདུག དེ་ཉིན་གྱི་མཛད་རིམ་མཐའ་མར་སུ་ཝི་ཌེན་བོད་རིགས་མཐུན་ཚོགས་ཀྱིས་དཔལ་ལྡན་སྲིད་སྐྱོང་མཆོག་ལ་དགོང་དྲོའི་གསོལ་སྟོན་བཤམས་པ་དང་།
སང་ཉིན་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཡུལ་དེའི་རྒྱལ་ཡོངས་བརྙན་འཕྲིན་གསར་འགྱུར་ཚན་པ་དང་རླུང་འཕྲིན་ཚན་པའི་བཅར་འདྲི་དང་ལེན་གནང་རྒྱུ་མ་ཟད། སི་ཊོག་ཁོམ་མཐོ་སློབ་ Stockholm University ནང་གསུང་བཤད་གནང་རྒྱུ་ཡིན་དང་། སུ་ཝི་ཌེན་བོད་རིགས་མཐུན་ཚོགས་བཙུགས་ནས་ལོ་ངོ་ ༥༠ འཁོར་བའི་དུས་དྲན་ཐོག་གསུང་བཤད་གནང་གཏན་འཁེལ་ཡོད་པ་བཅས།།