༢༠༡༧ ཟླ་ ༡༡ ཚེས་ ༣ རེས་གཟའ་པ་སངས།
༄༅། །བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་ལ་བྷ་ལི་པ་ར་ཐེབས་རྩ་ཁང་ Balipara Foundation གིས་གདན་ཞུ་ལྟར། ཕྱི་ལོ་ ༢༠༡༧ ཟླ་ ༡༡ ཚེས་ ༢ ཉིན་ཨ་སཱམ་མངའ་སྡེའི་རྒྱལ་ས་གྷོ་ཧ་ཊིར་ཕེབས་འབྱོར་གནང་འདུག ཐེངས་འདིར་སྲིད་སྐྱོང་མཆོག་ཁུལ་དེར་ཕེབས་དོན་གཙོ་བོ་ནི་ཕྱི་ལོ་ ༢༠༡༧ ལོའི་ཉི་དབང་མགོན་པོ་བྷརཐཱ་ཀུར་རྗེས་དྲན་གཏམ་བཤད་མཛད་སྒོར་ 2017 Rabindranath Barthakur Memorial Lecture མཉམ་ཞུགས་གནང་ཆེད་ཡིན་འདུག་ཅིང་།
གོང་ཚེས་ཉིན་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཨ་སམ་མངའ་སྡེའི་སོ་ནམ་བློན་ཆེན་སྐུ་ཞབས་ཨ་ཊུལ་སྦོ་ར་ Shri Atul Bora མཆོག་དང་། སྒོ་ཕྱུགས་གསོ་སྐྱོང་དང་གྲོང་སྡེ་ཡར་རྒྱས་བློན་ཆེན། དེ་བཞིན་སྤྱི་ཚོགས་ལས་འགུལ་བ་སོགས་དང་ཐུག་འཕྲད་གནང་བ་མ་ཟད། དགོང་དྲོ་བྷ་ལི་པ་ར་ཐེབས་རྩ་ཁང་ནས་སྲིད་སྐྱོང་མཆོག་གསོལ་ཚིགས་འདེགས་འབུལ་ཞུས་པ་དང་། སྐབས་དེར་ཁོར་ཡུག་སྲུང་སྐྱོབ་ལས་འགུལ་བ་དང་། དུད་འགྲོ་སྲུང་སྐྱོབ་ཚོགས་པ། དེ་བཞིན་སྙན་ངག་མཁན་དང་རྩོམ་པ་པོ་སོགས་སྐུ་མགྲོན་བརྒྱ་ཕྲག་བརྒལ་བ་ཕེབས་འདུག
ཕྱི་ཚེས་ ༣ ཉིན་སྲིད་སྐྱོང་མཆོག་གིས་མཛད་སྒོའི་ཐོག་གསུང་བཤད་གནང་གཏན་འཁེལ་བ་མ་ཟད། དེ་ཉིན་གྷོ་ཧ་ཊི་མཐོ་སློབ་ཀྱི་དགེ་ལས་སློབ་ཕྲུག་ཡོངས་ལ། འཕགས་བོད་གཉིས་ཀྱི་མ་འོངས་མདུན་ལམ་སྲ་བརྟན། ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་རྒྱུ་ཡིན་འདུག
དེ་ཡང་བྷ་ལི་པ་ར་ཐེབས་རྩ་ཁང་ནི་རྒྱལ་སྤྱིའི་ཁོར་ཡུག་སྲུང་སྐྱོབ་ཚོགས་པ་ཞིག་ཡིན་ཞིང་། ཚོགས་པ་དེའི་དམིགས་ཡུལ་ནི་ཤར་ཧི་མཱ་ལ་ཡའི་རང་བྱུང་ཁོར་ཡུག་སྲུང་སྐྱོབ་ཡར་རྒྱས་གཏོང་རྒྱུ་ཡིན་འདུག ཐེབས་རྩ་ཁང་དེ་འཛུགས་མཁན་སྐུ་ཞབས་རན་ཇིཐ་བྷརཐཱ་ཀུར་ Ranjit Barthakur ཁོང་ཡིན་འདུག ཁོང་ནི་ཨ་སམ་མངའ་སྡེའི་ནང་གི་བཟོ་གྲྭའི་བདག་པོ་ཆེ་གྲས་ཤིག་ཡིན་པ་དང་། ཁོང་གིས་འཛུགས་བསྐྲུན་ཡར་རྒྱས་དང་དུས་མཚུངས་རང་བྱུང་ཁོར་ཡུག་སྲུང་སྐྱོབ་བྱ་རྒྱུའི་ཐོག་འབད་བརྩོན་ཤུགས་ཆེ་གནང་མཁན་ཞིག་ཡིན་པ་བཅས།།