༢༠༡༧ ཟླ་ ༡༡ ཚེས་ ༢༠ རེས་གཟའ་ཟླ་བ།
༄༅། །དབུས་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་ཁེ་ན་ཌའི་ཧ་ལི་ཕེག་སི་རྒྱལ་སྤྱིའི་བདེ་འཇགས་གླེང་སྟེགས་ཐེངས་ ༩ ཐོག་ 9th Halifax International Security Forum མཉམ་ཞུགས་ཀྱིས་རྒྱ་དཀར་ནག་གཉིས་ཀྱི་འབྲེལ་ལམ་སྐོར་གཏམ་བཤད་སྤེལ་འདུག
དེ་ཡང་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་གསུང་དོན། བོད་ནི་རྒྱ་དཀར་ནག་གཉིས་ཀྱི་འབྲེལ་ལམ་གནང་སྐབས་གནད་དོན་གཙོ་བོ་ཞིག་མུ་མཐུད་གནས་རྒྱུ་རེད། གང་ཡིན་བརྗོད་ན་བོད་ནི་ཨེ་ཤི་ཡའི་ཆུ་མཛོད་ལྟ་བུ་ཆགས་ཡོད་པ་ཙམ་མ་ཟད། འཕགས་བོད་དབར་གྱི་ས་མཚམས་ལ་མཚོན་ནའང་རྒྱང་ཐག་སྤྱི་ལི་ ༣༥༠༠ ས་མཚམས་ཡོད། དེར་བརྟེན་ཇི་སྲིད་བོད་ཀྱི་གནད་དོན་མ་གསལ་བར་དེ་སྲིད་དུ་ཨེ་ཤི་ཡའི་སྟོབས་ཆེན་རྒྱལ་ཁབ་གཉིས་དབར་གྱི་ས་མཚམས་དང་འབྲེལ་བའི་རྩོད་རྙོག་སེལ་ཐབས་མེད་པ་མ་ཟད། ཡུལ་གཉིས་དབར་ཛ་དྲག་གི་གནས་སྟངས་དེ་མུར་ལྷག་རྒྱུ་རེད།
སྤྱིར་འཕགས་བོད་གཉིས་དབར་ལས་རྒྱ་དཀར་ནག་གཉིས་དབར་ས་འབྲེལ་རྩ་བ་ནས་མེད་སྟབས་ས་མཚམས་ཟེར་བ་ཞིག་ཡོང་ཐབས་མེད། ལོ་རྒྱུས་ཐོག་ནས་རྒྱ་དཀར་ནག་གཉིས་ཀྱི་བར་བཞུགས་དེ་བོད་ཡིན། དེར་བརྟེན་དེ་སྔའི་བོད་ཀྱི་བར་བཞུགས་གནས་བབ་དེ་སླར་གསོ་གནང་རྒྱུ་ནི་རྒྱ་གར་རང་གི་ཁེ་ཕན་ཡང་ཆགས་ཡོད།ཅེས་གསུངས།
ཕྱོགས་མཚུངས་སྲིད་སྐྱོང་མཆོག་གིས་ཉེ་ཆར་རྒྱ་དཀར་ནག་གཉིས་འབྲོག་ལམ་ས་མཚམས་ཐོག་གདོང་ཐུག་བྱུང་བ་དེ་ནི་རྒྱ་ནག་གི་རྒྱ་སྐྱེད་རིང་ལུགས་ཀྱི་བསམ་ཚུལ་ནས་བྱུང་བ་ཞིག་ལས་གློ་བུར་དུ་བྱུང་བའི་གནད་དོན་ཞིག་མིན། དེར་བརྟེན་ད་ལྟ་འགོ་འཛུགས་ལྟ་བུ་རེད།
དེ་བཞིན་ད་ལྟའི་འཛམ་གླིང་གི་གནས་སྟངས་ཐོག་ནས་བསམ་བློ་བཏང་བ་ཡིན་ནའང་བོད་ཀྱི་གནད་དོན་དེ་འབྲེལ་བ་ཧ་ཅང་ཡོད་པ་ནི་དཔེར་ན། གོ་ལའི་གནམ་གཤིས་ཐོག་བོད་མཐོ་སྒང་ཧ་ཅང་འབྲེལ་བ་ཆེན་པོ་ཡོད་པ་མ་ཟད། དེང་སྐབས་རྒྱ་ནག་ནས་འཐོན་བཞིན་པའི་ལག་ཐོག་ཁ་པར་རིན་གོང་ཆུང་ཆུང་དེ་དག་གི་རྒྱུ་ཆ་ Lithium རྣམས་བོད་ཀྱི་གནས་རི་རྩ་ཆེན་དེ་དག་ནས་གཏེར་ཁ་སྔོག་འདོན་བྱས་པ་ལས་འཐོན་བཞིན་ཡོད། གལ་ཏེ་བོད་དེ་བོད་མི་ཚོས་བདག་པོ་བརྒྱག་ཐུབ་པ་བྱུང་ཚེ་མཐོ་སྒང་བོད་ཀྱི་ཁོར་ཡུག་སྲུང་སྐྱོང་བྱེད་ཐུབ་རྒྱུ་རེད། ཌེན་མག་དང་ཨོ་སི་ཊོ་ལི་ཡ། ལྷོ་ཨ་ཕི་རི་ཀ་བཅས་ལ་རྒྱ་ནག་གཞུང་གིས་དཔལ་འབྱོར་གྱི་གནོན་ཤུགས་སྤྲོད་བཞིན་ཡོད། ཅེས་སོགས་ཀྱི་གསུང་བཤད་གནང་།
འདི་ལོ་ནི་སྲིད་སྐྱོང་མཆོག་ཚོགས་འདུར་མཉམ་ཞུགས་གནང་ཐེངས་བཞི་པ་ཆགས་ཡད། ཚོགས་འདུ་དེ་བྱང་ཨ་རིའི་ཕྱི་སྲིད་ཀྱི་གནད་དོན་དང་བདེ་སྲུང་གི་ཚོགས་འདུ་གལ་སྒང་ཆེ་ཤོས་གྲས་ཤིག་ཞིག་ཡིན་ཞིང་། ཚོགས་འདུ་དེར་གཞུང་གི་ལས་སྣེ་མཐོ་གྲས་དང་། རྒྱལ་སྤྱིའི་གསར་འགོད་པ། མཁས་དབང་སོགས་ཡིནཔ་་བཅས།།