ཕྱི་ལོ་ ༢༠༡༧ ཟླ་ ༡༡ ཚེས་ ༡༣ རེས་གཟའ་ཟླ་བ།
༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༧ ཟླ་ ༡༡ ཚེས་ ༡༡ རེས་གཟའ་སྤེན་པའི་ཉིན་བོད་ཀྱི་ཟློས་གར་ཚོགས་པའི་ཚོགས་ཁང་ནང་ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་དབུ་བརྙེས་ནས་ལོ་ངོ་ ༢༠ འཁོར་བའི་དུས་དྲན་མཛད་སྒོ་སྲུང་བརྩི་གཟབ་རྒྱས་ངང་ཚོགས་གནང་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༡ ཐོག་མཛད་སྒོའི་སྐུ་མགྲོན་གཙོ་བོར་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གདན་ཞུས་ལྟར་ཆེད་ཕེབས་གནང་ཡོད་པ་དང་། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་ཁྲིམས་ཞིབ་པ་ངག་དབང་རབ་རྒྱལ་མཆོག དགའ་ལྡན་ཕོ་བྲང་གི་དྲུང་ཆེ་མཆོག་དང་། གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་དབུ་ལས་རྣམ་པ། གཞན་ཡང་སྐུ་མགྲོན་རྣམས་དང་། ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་གི་འགན་འཛིན་གཙོས་འབྲེལ་ཡོད་ལས་བྱེད་རྣམ་པ་དང་རྡ་ས་ས་གནས་མི་མང་སོགས་ཁྱོན་མི་གྲངས་ ༢༠༠ བརྒལ་བ་འདུ་འཛོམས་ཐོག་མཛད་སྒོ་དབུ་འཛུགས་ཀྱིས་ཐོག་མར་སྐུ་མགྲོན་གཙོ་བོ་དཔལ་ལྡན་ཚོགས་གཙོ་མཆོག་གིས་སྣང་གསལ་མར་མེ་ཞལ་ཕྱེ་གནང་རྗེས། ཚང་མ་སྐུ་བཞེངས་ཐོག་འཕགས་བོད་གཉིས་ཀྱི་རྒྱལ་གླུ་བཏང། དེ་ནས་ཚོགས་པའི་འགན་འཛིན་ངག་དབང་རབ་རྒྱས་ལགས་དང་དྲུང་ཆེ་རྡོ་རྗེ་སྐྱིད་ལགས་ཀྱིས་ལྷ་ཚོགས་པའི་ལོ་ཉི་ཤུའི་ལས་བསྡོམས་སྙན་ཐོ་མདོར་བསྡུས་བོད་ཨིན་གཉིས་ནང་སོ་སོར་སྙན་སྒྲོན་ཞུས་གྲུབ་མཚམས། རྟེན་འབྲེལ་གསོལ་ཇ་དང་འབྲས་སིལ་འདེགས་འབུལ་ཞུས་གནང་། དེ་རྗེས་ཚོགས་པའི་ལས་དོན་སྐོར་གྱི་གློག་བརྙན་གཟིགས་འབུལ་ཞུས་གནང་གྲུབ་པ་དང་། ལྷའི་སློབ་སྟོན་ལྷན་ཚོགས་ཀྱི་ཚོགས་མི་འབྲུག་བསྟན་སྐྱིད་ལགས་ཀྱིས་༸གོང་ས་མཆོག་གི་གསུང་འཕྲིན་སྒྲོག་སྦྱངས་ཞུས་གནང་སོང་།
དེ་ནས་དཔལ་ལྡན་ཚོགས་གཙོ་མཆོག་དང་དཔལ་ལྡན་ཁྲིམས་ཞིབ་པ་མཆོག་རྣམ་གཉིས་ཀྱིས་བོད་ཨིན་གཉིས་ནང་ཡོད་པའི་ལྷ་ཚོགས་པའི་ལོ་ཉི་ཤུའི་ལས་བསྡོམས་སྙན་ཐོ་དབུ་འབྱེད་གནང་གྲུབ་བསྟུན། ལྷ་ཚོགས་པའི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་རྣམས་ལ་ལེགས་གསོའི་ཕྱག་འཁྱེར་གནང་བ་དང་། དེ་རྗེས་སྐུ་མགྲོན་གཙོ་བོ་དཔལ་ལྡན་ཚོགས་གཙོ་མཆོག་གིས་མཛད་སྒོར་ཕེབས་མཁན་ཡོངས་ལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་དང་སྒེར་ངོས་ནས་འཚམས་འདྲི་དང་སྦྲགས་གསུང་བཤད་གནང་དོན། གོང་དུ་ལྷ་སྤྱི་ཚོགས་ཞབས་ཞུ་ཚོགས་པའི་འགན་འཛིན་གྱིས་ལས་བསྡོམས་ངོ་སྤྲོད་དང་། དེ་བཞིན་བརྙན་འཕྲིན་ལམ་ནས་དེ་སྔོན་ཕྱག་ལས་གང་གནང་བ་ཚང་མར་གཟིགས་རྒྱུའི་གོ་སྐབས་བྱུང་བ་རེད། ང་ཚོ་བོད་མི་རིགས་ཙམ་མིན་པར་སྤྱི་ཚོགས་གཞན་དང་འབྲེལ་བ་མཐུད་ཐུབ་པ། འབྲེལ་བ་མཐུད་ཐུབ་པ་ཙམ་མ་ཟད་རིག་གཞུང་དང་། སྤྱི་ཚོགས་ནང་ཞབས་ཕྱི་ཞུ་སྟངས་དེ་ཚོའི་ཐོག་ལ་བསམ་ཚུལ་བརྗེ་ལེན་གནང་ཐུབ་པ་དང་། དངོས་སུ་ལག་བསྟར་ཞུས་ཐུབ་པ་དེ་འདྲའི་ཐོག་ནས་སྤྱི་ཚོགས་ནང་ཕན་ཐོགས་ཤུགས་ཆེན་པོ་བྱུང་འདུག་པར་བརྟེན་ལྷ་སྤྱི་ཚོགས་ཞབས་ཞུ་ཁང་ཐོག་མར་དབུ་འཛུགས་མཁན་ནས་ད་ལྟའི་འགན་འཛིན་བར་དུ་ཕྱག་ལས་གནང་མཁན་ཚང་མར་ལེགས་གསོའི་བསྔགས་བརྗོད་དང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
རྩ་བའི་ང་ཚོས་རྒྱབ་ལྗོངས་རྒྱུ་མཚན་ཚང་མ་མཁྱེན་གྱི་ཡོད་པ་རེད། འོན་ཀྱང་ཞིབ་ཚགས་པོའི་ཐོག་ནས་ཁ་ཚུར་སོ་སོའི་ཐོག་བསྐོར་ནས་བསམ་བློ་བཏང་བ་ཡིན་ན། ཕྱི་ལོ་ ༡༩༥༩ ལོར་བོད་ས་ཤོར་བ་རེད། བོད་ས་ཤོར་རྗེས་གཙོ་བོ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེ་བཀའ་དྲིན་དང་། གནས་ཡུལ་རྒྱ་གར་གཞུང་གི་བཀའ་དྲིན་ལ་བརྟེན་ནས་ད་ལྟ་ང་ཚོའི་བཙན་བྱོལ་སྒྲིག་འཛུགས་རེད། བཙན་བྱོལ་ནང་ཡོད་པའི་བོད་མི་ཚོས་སོ་སོའི་འགྲོ་འདུག་སྤྱོད་གསུམ་མགོ་ཚོད་པ་ཙམ་མ་ཟད། སྤྱི་ཚོགས་གཞན་ལའང་འབྲེལ་བ་བྱེད་ཐུབ་རྒྱུའི་གོ་སྐབས་གསར་པ་ཞིག་རག་གི་ཡོད་པ་རེད། ང་རང་ཚོའི་སྤྱི་ཚོགས་ཀྱི་གནས་སྟངས་ཐོག་ནས་རེད། སྤྱི་ཚོགས་དེར་ཡོད་མཁན་གྱི་ཆོས་དང་། རིག་གཞུང་། སྐད་ཡིག གོམས་གཤིས་སོགས་ལ་སྤྱི་ཚོགས་གཞན་གྱིས་ཡིད་སྨོན་སྐྱེས་ཏེ་དེང་སང་སྤྱི་ཚོགས་ཞབས་ཞུ་ཟེར་བའི་མིང་གཞུང་འོག་ནས་ཕན་ཐོགས་དང་རོགས་རམ་བྱེད་རྒྱུ་ཞིག་འགོ་འཛུགས་པ་དེ་འདྲ་རིགས་གཅིག་ཡོད། ཕྱོགས་གཞན་ཞིག་ནས་བསམ་བློ་བཏང་ན་སྤྱི་ཚོགས་དེ་ལ་རོགས་སྐྱོར་བྱེད་རྒྱུ་དང་། གཞན་ཕན་སྒྲུབ་རྒྱུར་གཞན་ཕན་སྒྲུབ་མཁན་གྱི་གང་ཟག་དེ་ལ་སྤྲོ་བ་འཕེལ་རྒྱུའི་ཀུན་སློང་སྐྱེ་བའི་རྒྱུ་ཞིག་དགོས་ཀྱི་ཡོད། དེ་འདྲའི་ཐོག་ནས་ང་ཚོ་བཙན་བྱོལ་བོད་པའི་སྤྱི་ཚོགས་དེ་ལ་སྤྱི་ཚོགས་གཞན་གྱིས་ཡིད་སྨོན་སྐྱེས་པ་དེ་གཙོ་བོ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དུས་ནས་དུས་སུ་བཀའ་སློབ་ལམ་སྟོན་གནང་བ་རྣམས་ང་ཚོའི་སྤྱི་ཚོགས་ནས་བསྒྲུབས་དང་སྒྲུབ་བཞིན་པ་ཡིན་པའི་ཆ་ནས་གཅིག་ཆགས་ཀྱི་ཡོད་རེད། གཉིས་ནས་ང་ཚོའི་སྤྱི་ཚོགས་ཀྱི་རྒྱུན་གཏན་སོ་སོའི་འཚོ་བ་དང་། རིག་གཞུང་། བསམ་བློ་གཏོང་སྟངས་དེ་འདྲའི་ཐོག་ནས་སྤྱི་ཚོགས་གཞན་གྱིས་དོ་སྣང་སླེབས་པའི་གནས་སྟངས་ཡོང་གི་ཡོད་རེད་བསམ་གྱི་འདུག
སོ་སོ་དང་པོ་མ་ཡི་མངལ་ནས་སྐྱེས་པ་དང་སྤྱི་ཚོགས་གཞན་དང་འབྲེལ་བ་རང་བཞིན་ཆགས་ཀྱི་ཡོད་རེད། དེང་སང་དུས་ཚོད་ལ་བལྟས་པ་ཡིན་ན་ཕྲུ་གུ་སྐྱེ་བའི་སྐབས་ལ་ཡིན་ནའང་ཕ་མ་གཉིས་ཀྱི་འདུ་བྱེད་ཙམ་མ་ཡིན་པར་སྨན་ཁང་དང་། སྨན་པ། སྨན་གཡོག་སོགས་དགོས་ཀྱི་ཡོད། དེ་ནས་ཕྲུ་གུ་སྐྱེས་ཀྱི་ཡོད། སྐྱེས་པ་ཙམ་གྱི་མ་འགྲིག་པར་དེར་མུ་མཐུད་འཚར་ལོངས་འབྱུང་སྐབས་སློབ་གྲྭ་འགྲིམ་དགོས་པ། སློབ་གྲྭ་ཐོན་རྗེས་སྤྱི་ཚོགས་དང་འབྲེལ་བ་ཡོང་གི་ཡོད། གང་ལྟར་མི་ཟེར་བ་དེ་སྤྱི་ཚོགས་ཆེན་པོ་ཞིག་དང་འབྲེལ་བ་ཡོད་པ་ཞིག་དང་། སྤྱི་ཚོགས་ཆེན་པོ་ཞིག་ལ་འབྲེལ་བ་ཡོད་སྟབས། སོ་སོའི་སྡུག་བསྔལ་དང་བདེ་བ་རྣམས་མི་གཞན་ལ་ངོ་སྤྲོད་བྱེད་ཐུབ་པ། ཕ་རོལ་པོ་སྤྱི་ཚོགས་གཞན་གྱི་བདེ་བ་དང་སྡུག་བསྔལ་གང་ཡོད་པ་རྣམས་སོ་སོས་རྒྱུས་ལོན་བྱེད་ཐུབ་པ་དགོས་པའི་ཐོག་ནས་ང་རང་ཚོ་ཕན་ཚུན་འཚོ་སྐྱོང་བྱེད་ཐུབ་པ་ཞིག་ཆགས་ཀྱི་ཡོད། སྤྱོད་འཇུག་ནང་གསལ་བ་ལྟར། བདག་གིས་གཞན་གྱི་སྡུག་བསྔལ་བསལ། །སྡུག་བསྔལ་ཡིན་ཕྱིར་བདག་སྡུག་བཞིན། །བདག་གིས་གཞན་ལ་ཕན་པར་བྱ། །སེམས་ཅན་ཡིན་ཕྱིར་བདག་ལུས་བཞིན། །ཞེས་གསུངས་པ་ལྟར། བདག་གིས་གཞན་གྱི་སྡུག་བསྔལ་དེ་མེད་པར་བཟོ་བའམ་བསལ་བར་བྱ་དགོས་ཏེ། སྡུག་བསྔལ་ཡིན་པའི་ཕྱིར། དཔེར་ན་བདག་གི་སྡུག་བསྔལ་བཞིན། སོ་སོར་སྡུག་བསྔལ་ཡོད་ན་དེ་མེད་པར་བཟོ་རྒྱུའི་ཐབས་ཤེས་སོ་སོས་བཏང་བ་ནང་བཞིན། ཕ་རོལ་པོར་ཡོད་པའི་སྡུག་བསྔལ་དེ་མེད་པར་བཟོ་རྒྱུའི་ཐབས་ཤེས་གཏོང་དགོས་པ། དེ་འདྲའི་རྒྱུ་མཚན་ཐོག་ནས་བསམ་བློ་གཏོང་དགོས་པ་གལ་ཆེན་པོ་ཞིག་ཆགས་ཀྱི་ཡོད། དེ་བཞིན་གཞན་ལའང་ཕན་པ་བྱ་དགོས་ཏེ་སེམས་ཅན་ཡིན་པའི་ཕྱིར། དཔེར་ན་སོ་སོའི་ལུས་པོ་བཞིན། སོ་སོའི་ལུས་ལྟ་བུར་མཚོན་ན། སོ་སོའི་ལུས་ལ་ཁ་ལག་ཞིམ་པོ་ཟ་འདོད་དང་། གྱོན་ཆས་ཡག་པོ་གྱོན་འདོད། ལྟད་མོ་ལྟ་ས་དང་། སྤྲོ་འཆམ་འགྲོ་འདོད་སོགས་ཀྱི་ཀུན་སློང་ཡོད་པ་བཞིན་མི་གཞན་ལའང་བདེ་བ་འདོད་ཀྱི་ཡོད་རེད། དེ་ལྟར་བདེ་བ་འདོད་པ་དང་། སྡུག་བསྔལ་མི་འདོད་པ་གཅིག་མཚུངས་ཡིན་དུས། དེ་འདྲའི་ཐོག་ནས་སྤྱི་ཚོགས་ནང་འབྲེལ་བ་མཐུད་ཐུབ་དགོས་པ་དང་། མཉམ་དུ་ཕན་ཚུན་གོ་བསྡུར་བྱས་ནས་རྒྱུས་ལོན་བྱེད་ཐུབ་པ་ཡིན་ན། ཏན་ཏན་ང་ཚོ་བཙན་བྱོལ་སྤྱི་ཚོགས་ཙམ་མ་ཡིན་པར་སྤྱི་ཚོགས་གཞན་ལའང་ཕན་ཐོགས་བྱེད་ཐུབ་རྒྱུའི་ནུས་པ་ཆེན་པོ་ཞིག་ཡོད་པ། དེ་ཡང་རྒྱུ་མཚན་གྱི་ཐོག་ནས་ཕྱོགས་བསྡོམས་བྱེད་ཐུབ་རྒྱུའི་གནས་ཚུལ་ཞིག་ཆགས་ཀྱི་འདུག
དེ་འདྲའི་ཐོག་ནས་ལྷ་སྤྱི་ཚོགས་ཞབས་ཞུ་ལྟེ་གནས་ཁང་ནས་དངོས་ནས་སྤྱི་ཚོགས་ཞབས་ཕྱི་ཞུས་གནང་བ་དང་། དམིགས་བསལ་ཤེས་ཡོན་གྱི་ཐོག་ནས་སྐད་ཡིག་སྦྱང་རྒྱུ་མཚོན་པའི་རོགས་སྐྱོར་ཆེན་པོ་གནང་བ་ཙམ་མ་ཟད། དེའི་ནང་འཛུལ་ཞུགས་གནང་མཁན་ཡོངས་ནས་ཕན་ཐོགས་བྱུང་སོང་ཞེས་སོ་སོའི་ཉམས་མྱོང་གསུངས་ཡོང་དུས་དངོས་ནས་ཚོགས་པས་ད་བར་སྤྱི་ཚོགས་ལ་རོགས་སྐྱོར་ཧ་ཅང་ཡག་པོ་བསྒྲུབས་འདུག་བསམ་པའི་ང་ཚོ་ཚང་མར་ཀུན་སློང་ཞིག་སྐྱེས་སོང་། ཀུན་སློང་སྐྱེས་པ་གཞིར་བཟུང་དེ་རིང་ཚོགས་ཁང་ནང་མི་བརྒྱ་ཕྲག་མང་པོ་འཛོམས་པ་ཚང་མས་སྤྱི་ཚོགས་ནང་ཐོན་ནས་ཕྱག་ལས་གནང་སྐབས་དེར་རྒྱབ་སྐྱོར་བྱེད་དགོས་པ་དང་། སོ་སོ་སྒེར་ཡིན་ནའང་ཀུན་སློང་དེ་འདྲ་འཁྱེར་དགོས་པ་གལ་ཆེན་པོ་ཆགས་ཀྱི་འདུག
གནའ་སྔ་མོ་བོད་ལྟ་བུར་མཚོན་པ་ཡིན་ན། བླ་ཆེན་ཁག་དང་། དགོན་སྡེ་ཁག་དེ་ཚོས་རི་རྒྱ་ཀླུང་རྒྱ་བསྡམ་ཟེར་བའི་རྩི་ཤིང་སྐྱེད་ཚལ་གྱི་རིགས་ཤིང་སྡོང་དེ་ཚོར་གང་བྱུང་མང་བྱུང་བཅད་གཏུབ་བྱེད་མི་ཆོག་པ། དེ་བཞིན་རི་ལ་གནས་བཅའ་མཁན་གྱི་སེམས་ཅན་རྣམས་གསོད་མ་ཆོག་པ་དེ་འདྲའི་རི་རྒྱ་ཀླུང་རྒྱ་བསྡམ་ཟེར་བའི་སྲོལ་ཞིག་འདུག དེ་ཚོ་དེང་སང་དུས་ཚོད་ལ་བལྟས་པ་ཡིན་ན་ཐད་ཀར་ཁོར་ཡུག་སྲུང་སྐྱོབ་དང་འབྲེལ་བ་འདུག དེར་བརྟེན་ཁོར་ཡུག་སྲུང་སྐྱོབ་ཀྱི་རིག་པ་ང་ཚོར་སྔ་མོ་ནས་ཡོད་པ་དེ་ཚོ་ཁྱབ་སྤེལ་ཆེད་དགོངས་པ་ཤུགས་ཆེན་པོར་བཞེས་དགོས་འདུག དེ་བཞིན་སྤྱི་ཚོགས་གཞན་ལ་རོགས་ཕན་དང་། རོགས་སྐྱོར་བྱ་རྒྱུ་དེ་ཚོ་ནང་ཆོས་ཐོག་ནས་བཤད་ན་ཧ་ཅང་གཏིང་ཟབ་པོ་རེད། བདག་གཞན་མཉམ་པ་དང་། བདག་དང་གཞན་གཅེས་པ། ཟེར་བ་དང་པོ་གཞན་དང་སོ་སོ་འདྲ་མཉམ་ལྟ་ཐུབ་དགོས་པ། རིམ་པས་ཉམས་ལེན་ཕུལ་དུ་བྱུང་བ་ཡིན་ན་སོ་སོ་ལས་མི་གཞན་རྩ་ཆེ་བ་བརྩིས་ཐུབ་པ། དེ་འདྲའི་གནས་སྟངས་རང་བཞིན་གྱི་སླེབས་ཐུབ་དགོས་པ། གལ་ཏེ་སྤྱི་ཚོགས་ཡོངས་ཀྱི་ཐོག་ནས་ཉམས་ལེན་ལག་བསྟར་དེ་ལྟར་གནང་ཐུབ་ན་སྤྱི་ཚོགས་ནང་ལ་འཁྲུག་མ་ཐེབས་པ་དང། གཅིག་གིས་གཅིག་ལ་བྱམས་པ་དང་བརྩེ་བ་སླེབས་ཐུབ་པ་མ་ཟད་བློ་ཉེ་པོ་སླེབས་ཐུབ་པ། དེ་འདྲ་བྱུང་བ་ཡིན་ན་སོ་སོོའི་སྐད་ཡིག་རེད། རིག་གཞུང་རེད། དེ་ཚོའི་གྲས་སྲུང་སྐྱོབ་རང་བཞིན་གྱི་ཡོང་ཐུབ་པ། དེ་བཞིན་རང་རེའི་རྩ་དོན་ཐོག་ལའང་རང་བཞིན་གྱི་ཕན་ཐོགས་ཐུབ་པའི་ནུས་པ་ཤུགས་ཆེན་པོ་ཞིག་འདུག དེ་ཚོའི་གྲས་གོ་ལོ་ཐོས་ལོ་ཙམ་མ་ཡིན་པར་སོ་སོ་རང་གི་ཐོག་ནས་ཉམས་ལེན་བྱེད་ཐུབ་དགོས་པ་གལ་ཆེན་པོ་རེད་བསམ་གྱི་འདུག དེ་ཡིན་དུས་དེ་ཚོའི་གྲས་དོ་སྣང་ཤུགས་ཆེ་ཙམ་གནང་ཐུབ་དགོས།
དེ་བཞིན་ཚོགས་པ་སྒྲིག་འཛུགས་དེ་འདྲ་ཤིག་འཛུགས་ནས་སྤྱི་ཚོགས་ལ་རམ་འདེགས་ཞུ་ཐུབ་ཀྱི་ཡོད་རེད། དེ་བཞིན་སྒེར་སོ་སོའི་ངོས་ནས་དེ་འདྲ་གནང་ཐུབ་ཀྱི་རེད། ཚོགས་པ་དེ་འདྲ་བ་སྒེར་སོ་སོའི་ངོས་ནས་རྒྱབ་སྐྱོར་དང་མཐུན་འགྱུར་སྦྱར་རྒྱུའི་བློ་སྟོབས་སྐྱེ་ཐུབ་དགོས་པ། སོ་སོ་སྒེར་ངོས་ནས་ཀྱང་དེ་འདྲ་གནང་ཐུབ་པའི་ནུས་པ་སོ་སོར་ཡོད་དུས། སྤྱི་ཚོགས་ནང་བེད་སྤྱོད་གནང་ཐུབ་ན་ང་ཚོའི་སྤྱི་ཚོགས་གཅིག་པུ་མ་ཡིན་པར་སྤྱི་ཚོགས་གཞན་ལའང་ཕན་ཐོགས་ཐུབ་རྒྱུར་ནུས་པ་ཆེན་པོ་ཞིག་ཡོད་པ་དེ་ཚོའི་གྲས་འབུར་དུ་འདོན་ཐུབ་པ་བྱ་རྒྱུ་གལ་ཆེན་པོ་རེད། དེ་རིང་ངས་མང་པོ་ཞུ་མ་དགོས་པར་ལྷ་སྤྱི་ཚོགས་ཞབས་ཞུ་ཚོགས་པས་ད་བར་བོད་པའི་སྤྱི་ཚོགས་ཀྱི་སྡེ་ཚན་འདྲ་མིན་ལ་རོགས་སྐྱོར་ཤུགས་ཆེན་པོ་གནང་བ་མ་ཟད། སྐད་ཡིག་དང་ཤེས་ཡོན་ཐོག་ཞབས་འདེགས་ཧ་ཅང་གི་རླབས་ཆེན་པོ་གནང་བ་དེ་ཚོའི་གྲས་རྒྱུན་འཁྱོངས་མུ་མཐུད་གནང་ཐུབ་དགོས་པ་གལ་ཆེན་པོ་དང་། ལྷ་སྤྱི་ཚོགས་ཞབས་ཞུ་ཚོགས་པ་འདི་རིང་མིན་ང་ཚོ་གཞིས་བྱེས་མཉམ་འཛོམས་ཡོང་བའི་དུས་བོད་ཀྱི་རྒྱལ་ས་ལྷ་སར་བཙུགས་ནས་བོད་མདོ་དབུས་ཁམས་གསུམ་ཙམ་མ་ཡིན་པར་རྒྱལ་སྤྱིའི་སྤྱི་ཚོགས་ནང་ལ་ཞབས་འདེགས་ཞུ་ཐུབ་རྒྱུའི་སྨོན་འདུན་ཞུ་རྒྱུ་དང་། མཐའ་དོན་ ༸སྤྱི་ནོར་ ༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་བསྐལ་བརྒྱར་བརྟན་ཅིང་ཐུགས་བཞེད་ལྷུན་གྱིས་འགྲུབ་པ་དང་། བོད་གཞིས་བྱེས་མཉམ་འཛོམས་ཡོང་རྒྱུའི་ཐུགས་སྨོན་དང་། ལྷ་སྤྱི་ཚོགས་ཞབས་ཞུ་ཚོགས་པའི་ལས་འགན་མཐའ་དག་ལམ་ལྷོང་ཡོང་བར་སྨོན་ལམ་ཞུ་རྒྱུ་ཡིན། ཞེས་གསུང་བཤད་ཟབ་རྒྱས་གནང་གྲུབ་མཚམས་ཚོགས་པའི་འགན་འཛིན་གཞོན་པ་བློ་བཟང་རབ་གསལ་ལགས་ཀྱིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སྟེ་མཛད་སྒོ་རྒྱལ་ཁའི་ངང་གྲོལ་ཡོད་པ་བཅས་ཀྱི་གནས་ཚུལ་དུ། །