༢༠༡༧ ཟླ་ ༦ རེས་གཟའ་ཟླ་བ།
༄༅། །ཐེ་ཝན་རྒྱལ་ས་ཐེ་པེ་རྒྱལ་ཡོངས་འགྲེམས་སྟོན་ཁང་དུཐེ་ཝན་རྒྱལ་སྤྱིའི་བོད་དོན་ལྷན་ཚོགས་ཐེངས་བདུན་པའི་སྐབས་Taiwan International Conference on Tibet བོད་མིའི་སྒྲིག་འཛུགས་ཀྱི་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་ལ་རྒྱབ་སྐྱོར་ཤུགས་ཆེ་ཡོད་པ་སླར་ཡང་གསལ་འདོན་གནང་འདུག
དེ་ཡང་ཐེ་ཝན་སྐུ་ཚབ་དོན་ཁང་དང་ཐེ་སྡོད་བོད་རིགས་ཚོགས་པ་གཉིས་ཐུན་མོང་ཐོག་གོ་སྒྲིག་གནང་བའི་ལྷན་ཚོགས་ཀྱི་བརྗོད་གཞི་གཙོ་བོ་ནི། ཐུན་མོང་གི་གཞི་རྟེན་འཚོལ་བ། བོད་ཀྱི་གནད་དོན་ཐོག་ཐེ་ཝན་གྱི་ཉམས་མྱོང་ཐོག་ནས་ལྟ་ཚུལ། ཞེས་པ་ཡིན་འདུག སྐབས་དེར་ཨ་རི་དང་ཨིན་ཡུལ། ཧོང་ཀོང་། རྒྱ་གར། ཐེ་ཝན་བཅས་ནས་མཁས་དབང་དང་ཆེད་ལས་མི་སྣ། ལས་འགུལ་བ་བཅས་མགྲོན་འབོད་ཞུས་པ་དང་།
ལྷན་ཚོགས་སྐབས་ཨ་རི་ནིའུ་ཡོག་གཙུག་ལག་སློབ་གྲྭ་ཆེན་མོའི་སློབ་དཔོན་མིང་ཞི་ཡ་ Prof. Ming Xia ལགས་ཀྱིས་ལྷན་ཚོགས་དབུ་འབྱེད་མཛད་སྒོའི་གསུང་བཤད་གནང་བ་དང་། གསུང་བཤད་ཀྱི་བརྗོད་དོན་གཙོ་བོ་ནི། མཐོ་སྒང་བོད་ཀྱི་རི་དང་གཙང་པོའི་གལ་གནད་སྐོར་ཡིན་ཞིང་། སྐབས་དེར་ཁོང་གིས་གསུང་དོན། བཙན་བྱོལ་བོད་མིའི་སྤྱི་ཚོགས་ནི་གཙང་ཆུ་བབ་པ་ལྟ་བུ་རེད། བོད་ས་ནས་གྱར་ཡང་ཕ་ཡུལ་བོད་དང་འབྲེལ་བ་ཟམ་མ་ཆད་པར་གནས་ཐུབ་པ་ཙམ་དུ་མ་ཟད། གཞིས་ལུས་སྤུན་ཟླ་ཚོར་ལེགས་སྐྱེས་འབུལ་བཞིན་ཡོད།
ངས་འདིར་ཞུ་དོན་གཙོ་བོ་གང་ཡིན་ཞེ་ན། བོད་ཀྱི་ཆོས་དང་རིག་གཞུང་ནི་རི་བོ་མཐོན་པོ་དང་འདྲ་ཞིང་། རིག་གཞུང་དེ་དག་ཡུལ་དུས་གནས་སྐབས་དང་བསྟུན་ནས་འགྲོ་ཐུབ་མཁན་ཞིག་ཡིན་པ་ནི་དཔེར་ན། བོད་མིའི་སྒྲིག་འཛུགས་དེ་ཡིན། སྒྲིག་འཛུགས་དེ་ནི་བཏང་འགྲོ་བཞག་སྡོད་འཕེར་བའི་གཙང་པོ་ལྟ་བུ་ཞིག་རེད། གཙང་པོའི་འབྱུང་ཁུངས་ནི་རི་མགོ་ཡིན་སྟབས་ད་བར་རང་གི་ཆུ་མགོར་འབྲེལ་བ་མུ་མཐུད་གནས་ཡོད།
དབུ་མའི་ལམ་གྱི་སྲིད་བྱུས་དང་། ཧོང་ཀོང་དང་ཐེ་ཝན། དེ་བཞིན་ཡུ་གུར་གྱི་གནས་སྟངས་ཇི་འདྲ་ཞིག་ལ་གནས་འདུག དེར་དཔྱད་པ་གནང་སྐབས་སེམས་ནང་གཞི་རིམ་གྱི་དྲི་བ་ཞིག་བསླེབ་བཞིན་ཡོད་པ་ནི། མི་རིགས་དེ་དག་རི་བོ་ལྟར་སོ་སོར་ཐ་དད་འབྲེལ་མེད་དུ་གནས་རྒྱུ་ཡིན་ནམ་ཡང་ན་གཙང་ཆུ་རྒྱུག་པ་ལྟར་ཕན་ཚུན་མཛའ་འབྲེལ་ངང་གནས་རྒྱུ་ཡིན་པ་འདི་རེད། རི་བོ་ལྟར་སོ་སོར་ཐ་དད་དུ་མ་གནས་པར་གཙུང་ཆུ་འདྲེས་པ་ལྟར་གནས་ཐུབ་ཚེ་རྒྱ་མི་རིགས་ཙམ་མ་ཟད། བོད་རིགས་དང་ཡུ་གུར་མི་རིགས་བཅས་ཀྱི་མདུན་ལམ་བསྲ་བརྟན་ཡོང་ཐུབ། ཅེས་གསུངས།
ལྷན་ཚོགས་སྐབས་མཁས་དབང་དང་འགྲོ་བ་མིའི་ཐོབ་ཐང་ལས་འགུལ་བ་དགུས་བོད་དང་རྒྱ་ནག ཡུ་གུར། ཧོང་ཀོང་། དེབཞིན་ཐེ་ཝན་བཅས་ཀྱི་གནད་དོན་ཐོག་བརྙན་ཐུང་རེ་བསྟན་པ་དང་།
དྲིལ་བསྒྲགས་དྲུང་ཆེའི་ཚད་མཉམ་ཤར་གླིང་བསྟན་འཛིན་ཟླ་སྒྲོན་ལགས་ཀྱིས། དེང་སྐབས་ཡར་རྒྱས་ཤུགས་ཆེ་འགྲོ་བཞིན་པའི་རྒྱ་ནག་ལ་རྒྱལ་སྤྱིའི་ཐོག་ནས་བཟང་སྤྱོད་དང་ཁྲིམས་མཐུན་ཐོག་ནས་གདེང་འཇོག་མ་ཐོབ་པའི་གནད་འགག་གཙོ་བོ་གཅིག་ནི་འདས་པའི་ལོ་ ༦༠ རིང་རྒྱ་ནག་གཞུང་གིས་བོད་དོན་ཐོག་འཛིན་བཞིན་པའི་སྲིད་བྱུས་དེར་ཐུག་ཡོད། ཅེས་གསུང་པ་དང་སྦྲགས། རྒྱ་ནག་གཞུང་གིས་བོད་ས་བཙན་འཛུལ་བྱས་པའི་སྐོར་དང་། བཙན་འཛུལ་བྱས་ནས་ད་བར་བོད་མིའི་ཆོས་དང་རིག་གཞུང་། སྐད་ཡིག་དང་བཅས་པ་རྩ་མེད་བཟོ་ཐབས་བྱས་དང་བྱེད་མུས་ཙམ་མ་ཟད། གདུག་རྩུབ་ཅན་གྱི་སྲིད་བྱུས་འོག་བོད་མི་རྣམས་དཀའ་སྡུག་ཇི་ལྟར་མྱངས་དང་མྱོང་བཞིན་པའི་གནས་སྟངས་ད་ཆ་རྒྱལ་སྤྱིའི་སེམས་འཚབ་བྱེད་དགོས་པའི་གནད་དོན་ཞིག་ཏུ་གྱུར་ཡོདཔ་དང་། བོད་ཀྱི་གནད་དོན་དེ་འཚེ་མེད་ཞི་བ་གྲོས་མོལ་གྱི་ལམ་ནས་གསལ་ཐུབ་པ་ཡིན་ན་རྒྱལ་སྤྱིའི་ཐོག་རྒྱ་ནག་གི་མཚན་མཐོང་ལ་ཕན་རྒྱུ་དང་། རྒྱ་ནག་གི་བརྟན་ལྷིང་ལའང་ཕན་ཐོགས་ཡོད་སྐོར་སོགས་ཞིབ་ཕྲ་གསལ་བཤད་གནང་བ་དང་སྦྲགས་གསུང་དོན།
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དབུ་ཁྲིད་ལམ་སྟོན་འོག་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་དེ་གཙོ་བོ་བོད་མིའི་ཐུན་མིན་འཚེ་མེད་ཞི་བ་དང་འཆམ་མཐུན་གྱི་རིག་གཞུང་གཞི་རྩར་བཞག་ནས་གཏན་འབེབ་མཛད་པའི་སྲིད་བྱུས་ཤིག་ཡིན་སྟབས།
སྲིད་བྱུས་དེའི་འོག་ནས་གལ་ཏེ་བོད་ཀྱི་གནད་དོན་གསལ་ཏེ་བོད་མིིའི་རང་དབང་སླར་གསོ་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བོད་དུ་གདན་འདྲེན་ཞུ་ཐུབ་པ་བྱུང་ན། འཚེ་བ་གཞི་ལ་བཞག་ནས་འཐབ་རྩོད་ཀྱི་ལས་འགུལ་སྤེལ་མཁན་གཞན་ཚོ་ལའང་མིག་དཔེར་གྱུར་ངེས། ཞེས་དང་།
དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་ལྔ་དང་ལྔ་བཅུའི་འཆར་སྣང་སྐོར་གསུང་དོན། དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གི་དབུ་ཁྲིད་འོག་ལོ་ལྔའི་ནང་ང་ཚོས་བོད་ཀྱི་རྩ་དོན་བསྒྲུབ་ཆེད་འབད་བརྩོན་གང་ཡོད་ཞུ་རྒྱུ་མ་ཟད། འབྱུང་འགྱུར་ལོ་ལྔ་བཅུའི་རིང་བོད་དོན་འཐབ་རྩོད་མུ་མཐུད་གནས་དགོས་པའི་དུས་ཤིག་ཤར་ཡང་ང་ཚོས་ད་ལྟ་ནས་གྲ་སྒྲིག་བྱེད་བཞིན་ཡོད། དེའི་ཆེད་དུ་བོད་མིའི་ཆོས་དང་རིག་གཞུང་། སྐད་ཡིག་སོགས་མི་ཉམས་རྒྱུན་འཛིན་དང་ཉམས་པ་སླར་གསོ་ཡོང་ཐབས་ཆེད་འཐབ་བྱུས་བང་སྒྲིག་བཞིན་ཡོད། ཅེས་གསུངས།
ལྷན་ཚོགས་སྐབས་བོད་དང་རྒྱ་ནག ཧོང་ཀོང་། ཐེ་ཝན་བཅས་དབར་གྲོས་མོལ། ཞེས་པའི་དཔེ་དེབ་དེ་བོད་མིའི་སྒྲིག་འཛུགས་ཀྱི་དྲིལ་བསྒྲགས་དྲུང་ཆེའི་ཚད་མཉམ་ཤར་གླིང་བསྟན་འཛིན་ཟླ་སྒྲོན་ལགས་ཀྱིས་དབུ་འབྱེད་གནང་བ་དང་། གངས་ལྗོངས་པར་སྐྲུན་ཁང་ནས་འདོན་སྤེལ་གནང་འདུག དཔེ་དེབ་དེའི་ནང་དོན་གཙོ་བོ་ཐེ་ཝན་སྐུ་ཚབ་དོན་ཁང་གིས་ཕྱི་ལོ་ ༢༠༡༤ ནས་ ༢༠༡༦ བར་གོ་སྒྲིག་ཞུས་པའི་ལྷན་ཚོགས་སྐབས་གསུང་བཤད་ཁག་ཕྱོགས་སྒྲིག་གནང་བ་ཡིན་འདུག་པ་བཅས།།