༢༠༡༧ ཟླ་ ༡༡ ཚེས་ ༡༨ རེས་གཟའ་སྤེན་པ།
༄༅། །འདི་གར་བྱང་ཨ་རི་སྐུ་ཚབ་དོན་ཁང་ནས་བཏང་གནས་ནང་འཁོད་དོན། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན་དུ་ཡོད་པའི་སྤྱི་དམངས་སྟོབས་ཤུགས་ཚོགས་པས་ཉི་ཧོང་གི་རྒྱལ་ས་ཀྲོག་ཁྱོར་དུ་བསྐོང་ཚོགས་བྱས་པའི་མི་རིགས་འདྲ་མིན་གྱི་གཞོན་སྐྱེས་འགོ་ཁྲིད་ཟབ་སྦྱོང་ཚོགས་འདུ་ཐེངས་ ༡༢ པར་ཕེབས་མཁན་ཨོ་སི་ཀྲོ་ལི་ཡ་ནས་ཡིན་པའི་སྤྱི་འཐུས་གདོང་འདུས་སྐྱིད་འཛོམས་ལགས་དང་། གཞན་ཕན་ལགས། ཚེ་དབང་ཐུབ་བསྟན་ལགས། རྒྱ་གར་ནས་ཕྱི་འབྲེལ་རྒྱ་ཡིག་ཚན་པ་ནས་འགན་འཛིན་བསྟན་འཛིན་བདེ་ལྡན་ལགས་དང་། འཇམ་དབྱངས་ལགས། སྤྱི་འཐུས་བློ་བཟང་གྲགས་པ་ལགས་དང་། བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་དྲུང་ཆེ་ཀུན་བཟང་སྟོབས་ལྡན་ལགས། བྱང་ཨ་རིའི་སྐུ་ཚབ་དོན་གཅོད་ཁང་གི་རྒྱ་རིགས་འབྲེལ་མཐུད་པ་ཀུན་དགའ་བཀྲིས་ལགས་བཅས་ནས་ ༢༠༡༧ ཟླ་བ་ ༡༡ ཚེས་ ༡༥ ཉིན་ཉི་ཧོང་དང་ཤར་ཨེ་ཤ་ཡའི་སྐུ་ཚབ་དོན་གཅོད་ལུང་རྟོགས་ལགས་ཀྱི་སྣེ་འཁྲིད་འོག ཉི་ཧོང་གྲོས་ཚོགས་སུ་བཅར་ནས་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་དབུ་ཁྲིད་རྣམས་དང་མཇལ་འཛོམས་གནང་།
ཐེངས་འདིའི་མཇལ་འཛོམས་ནི་ཉི་ཧོང་སྐུ་ཚབ་དོན་གཅོད་ཁང་ནས་གྲ་སྒྲིག་གནང་བ་ཞིག་ཡིན་པ་དང་། མཇལ་འཛོམས་སྐབས་ཉི་ཧོང་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོས་དབུས་དབུ་ཁྲིད་ཚོས། ཉི་ཧོང་གྲོས་ཚོགས་ནས་བོད་དོན་ལ་རྒྱབ་སྐྱོར་ཤུགས་ཆེ་གནང་བཞིན་ཡོད་པ་ནི་དྲང་བདེན་ལ་རྒྱབ་སྐྱོར་གནང་བ་ཞིག་ཡིན་པ་དང་། རྒྱ་ནག་གཞུང་གི་གནོན་ཤུགས་ག་ཚོད་སླེབས་རུང་བོད་དོན་དང་དྲང་བདེན་རྒྱབ་སྐྱོར་ཞུ་རྒྱུར་འགྱུར་བ་མེད་པ་མ་ཟད། ད་དུང་ཤུགས་ཆེ་རུ་གཏོང་ཐབས་ཞུ་རྒྱུ་ཡིན་ཅེས་གསུངས།
བོད་པའི་ཕྱོགས་ནས་ཉི་ཧོང་གཞུང་དང་གྲོས་ཚོགས་ནས་བོད་པར་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་། ཉི་ཧོང་གྲོས་ཚོགས་ཀྱིས་བོད་ལ་རྒྱབ་སྐྱོར་ཤུགས་ཆེ་གནང་བཞིན་པ་འདིས་དཀའ་སྡུག་ནང་ལྷུང་བཞིན་པའི་གཞིས་ལུས་བོད་མིའི་སེམས་ཤུགས་འཕར་རྒྱུ་དང་། རྒྱལ་ཁབ་གཞན་ལ་ཡང་དྲང་བདེན་ལ་རྒྱབ་སྐྱོར་བྱེད་དགོས་པའི་སྐུལ་མ་གནང་རྒྱུར་ཧ་ཅང་གི་ཕན་ཐོགས་ཆེན་པོ་ཡོད་པའི་སྐོར་དང་། བོད་ནང་གི་ད་ལྟའི་གནས་སྟངས་སྐོར་ཞུས། གྲོས་ཚོགས་ཀྱི་འཐུས་མི་ཚོས་བཀའ་འདྲི་གནང་བ་བཞིན། རྒྱ་གར་གཞུང་གིས་བོད་དང་རྒྱ་གར་ནི་བྱང་ཆུབ་ལྗོན་ཤིང་གཅིག་གི་ལོ་མ་ལྟ་བུ་ཡིན་པའི་འདུ་ཤེས་བཟུང་སྟེ་བོད་ལ་ཧ་ཅང་གི་སེམས་ཐག་ཉེ་པོའི་རྒྱབ་སྐྱོར་གནང་གི་ཡོད་སྐོར། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དེ་སྔ་སྐབས་རེ་ལོ་གཅིག་ནང་ཉི་ཧོང་དུ་ཐེངས་གཉིས་ཆིབས་སྒྱུར་གནང་བ་བྱུང་ཡོད་པ་འདིས། ༸གོང་ས་མཆོག་ནས་ཉི་ཧོང་ནི་ཧ་ཅང་གི་གལ་ཆེར་གཟིགས་ཀྱི་ཡོད་པའི་སྐོར། ཉི་ཧོང་གཞུང་དང་གྲོས་ཚོགས་ནས་ཆིབས་སྒྱུར་ནམ་ཡིན་ལ་མཐུན་རྐྱེན་གང་ལེགས་གནང་བར་སླར་ཡང་ཐུགས་རྗེ་ཆེ་ཞུས་པ་དང་འབྲེལ་ད་དུང་ཡང་མུ་མཐུད་བོད་ལ་རྒྱབ་སྐྱོར་ཡོང་བའི་འབོད་སྐུལ་ཞུས།
ཐེངས་འདིའི་མཇལ་འཛོམས་ལ་དུས་ཡུན་སྐར་མ་ ༤༥ ཙམ་འགོར་ཞིང་། ཉི་ཧོང་སྐུ་ཚབ་དོན་གཅོད་མཆོག་ནས་གསུང་སྒྱུར་གྱི་ཕྱག་རོགས་གནང་། ཉི་ཧོང་སྐུ་ཚབ་དོན་གཅོད་མཆོག་དང་། དོན་གཅོད་ཁང་གི་ལས་བྱེད་རྣམས་སྐུ་མགྲོན་གཞན་ལ་སྣེ་ལེན་གནང་རྒྱུ་དང་། ཕྱི་ཟླ་ ༡༡ གི་ཆིབས་སྒྱུར་འགྱུར་བ་ཕྱིན་པའི་རྐྱེན་གྱིས་ཕྱག་ལས་ཤིན་ཏུ་བྲེལ་ལ་ཆེ་ན་ཡང་། ང་ཚོ་ཚོགས་བཅར་བ་རྣམས་ལ་བསུ་ལེན་སོགས་གང་ཅིའི་ཕྱག་རོགས་གནང་བྱུང་བ་བཅས།། །།