༢༠༡༧ ཟླ་ ༡༡ ཚེས་ ༢༣ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༡༡ ཚེས་ ༢༣ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་ནུབ་བྷེང་གྷལ་མངའ་སྡེའི་རྒྱལ་ས་ཀོལ་ཀ་ཊར་རྟེན་གཞི་བྱས་པའི་ Oberoi Hotels & Resorts ཞེས་པའི་གསོལ་མགྲོན་ཁང་དུ་རྒྱ་གར་ཚོང་པའི་ལྷན་ཚོགས་ Indian Chamber of Commerce ལ་རྒྱ་གར་གནའ་རབས་ཀྱི་རིག་གནས་སླར་གསོའི་ Revival of Ancient Indian Knowledge སྐོར་བཀའ་སློབ་སྩལ་རྗེས་དྲི་བ་དྲིས་ལན་གྱི་ལས་རིམ་སྐབས་བཀའ་སློབ་སྩལ་དོན།
ལོ་རྒྱུས་ཐོག་ནས་བོད་རྒྱ་གཉིས་འབྲེལ་བ་ཧ་ཅང་ཉེས་པོ་ཡོད། མཚམས་རེ་འཁྲུག་པའང་ཏོག་ཙམ་རྒྱག་རེས་བྱས་པ་མ་གཏོགས་གཞན་འཆམ་ཐག་ཆོད་ཡོད། འོན་ཀྱང་འདས་པ་ནི་དུས་ཚོད་ཡོལ་ཟིན་སྟབས་ང་ཚོས་མ་འོངས་པའི་གནས་སྟངས་ཐོག་ལ་བསམ་བློ་གཏོང་དགོས།
ང་ཚོས་རྒྱ་ནག་དང་ཁ་བྲལ་གྱིས་རང་བཙན་དགོས་ཟེར་གྱི་མེད། ང་ཚོ་རྒྱ་ནག་དང་མཉམ་དུ་བསྡད་ནས་རང་སྐྱོང་གི་གནས་བབ་ཚད་ལྡན་ཞིག་བྱུང་ན་འགྲིགས་ས་རེད་ཅེས་ང་ཚོའི་ལངས་ཕྱོགས་འདི་རེད། བོད་མི་ཚོ་ལའང་དཔལ་འབྱོར་གྱི་ཁེ་ཕན་དགོས་པ་རེད། འོན་ཀྱང་རྒྱ་ནག་གཞུང་གིས་བོད་མིའི་ཆོས་དང་རིག་གཞུང་གཞི་རྩར་གྱུར་བའི་བོད་མི་རིགས་ཀྱི་ཐུན་མོང་མིན་པའི་ངོ་བོ་དེ་དག་སྲུང་སྐྱོབ་བྱ་དགོས་པ་དང་། དེ་བཞིན་བོད་ཀྱི་ཁོར་ཡུག་ལའང་སྲུང་སྐྱོབ་བྱ་དགོས།
བོད་མི་ཚོ་ལ་རང་གི་ཕ་མེས་ནས་ཐུན་མོང་མིན་པའི་རིག་གཞུང་དང་། ལྷག་པར་སྐད་དང་ཡི་གེ་ཟུར་དུ་ཡོད། རྒྱ་མི་རིགས་ཚོས་རྒྱ་རིགས་ཡིན་བསམ་པའི་སྤོབས་པ་བྱས་པ་ལྟར་བོད་མི་ཚོ་ལའང་རང་ཉིད་བོད་རིགས་ཡིན་བསམ་པའི་སྤོབས་པ་ཡོད།
ཅེས་བཀའ་སློབ་སྩལ་བ་དང་སྦྲགས་བོད་ཀྱི་ཁོར་ཡུག་ཐོག་བཀའ་སློབ་སྩལ་དོན། རྒྱ་རིགས་ཁོར་ཡུག་ཉམས་ཞིབ་པ་གཅིག་གིས་བོད་མཐོ་སྒང་གི་ཁོར་ཡུག་གནས་སྟངས་སྐོར་རྩོམ་ཡིག་གཅིག་སྤེལ་བའི་ནང་བོད་མཐོ་སྒང་གི་ཁོར་ཡུག་ལ་གོ་ལའི་ཚ་དྲོད་རྒྱས་པའི་ཤུགས་རྐྱེན་དེ་འཛམ་གླིང་ལྷོ་བྱང་གི་སྣེ་གཉིས་དང་གཅིག་མཚུངས་ཡོད་སྐོར་བྲིས་འདུག དེར་བརྟེན་རྩོམ་པ་པོ་དེས་བོད་ལ་འཛམ་གླིང་གི་སྣེ་གསུམ་པ། ཞེས་འབོད་འདུག
ཡང་ཙེ་ Yangtze དང་སིནྡུ་Sindhu སོགས་ཀྱིས་གཙོས་གཙང་པོ་ཆེ་ཁག་དེ་དག་ཡོངས་རྫོགས་བོད་ནས་རྒྱུག་བཞིན་ཡོད། ཆུ་མགོ་དེ་བོད་ནང་ཡོད། གཙང་ཆུ་དེ་དག་ལ་མི་འབོར་ཐེར་འབུམ་གཅིག་ཙམ་འཚོ་རྟེན་བྱས་ནས་ཡོད། དེར་བརྟེན་བོད་མཐོ་སྒང་གི་ཁོར་ཡུག་སྲུང་སྐྱོབ་བྱ་རྒྱུ་དེ་བོད་མི་ས་ཡ་དྲུག་ཁོ་ནའི་གནད་དོན་ཞིག་རྩ་བ་ནས་མིན་པར་མི་འབོར་ཐེར་འབུམ་དང་འབྲེལ་བ་ཡོད་པའི་གནད་དོན་ཞིག་ཡིན། ཞེས་བཀའ་སློབ་སྩལ།།