༢༠༡༧ ཟླ་ ༡༡ ཚེས་ ༢༢ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༡༡ ཚེས་ ༢༡ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་ཨོ་ཌི་ཤ་མངའ་སྡེའི་ནང་རྟེན་གཞི་བྱས་པའི་ཀ་ལིངྒ་འཕྲུལ་རིགས་སྦྱོང་བརྡར་མཐོ་སློབ་ KIIT ཀྱི་དགེ་ལས་སློབ་ཕྲུག་རྣམས་ལ་བཀའ་སློབ་སྩལ་དོན། རྒྱ་གར་གནའ་རབས་ནས་དར་བའི་ནང་ཆོས་སྤྱི་དང་ལྷག་པར་དཔལ་ནཱ་ལེནྡཱའི་བཞེད་སྲོལ་ལྟར་ན་རིགས་པའི་ལམ་ནས་དཔྱད་པ་བྱ་རྒྱུ་དེ་གཙོ་བོ་ཡིན། པཱ་ལའི་གཞུང་ནས་གསུང་པའི་བདེན་བཞི་མི་རྟག་སོགས་བཅུ་དྲུག་རྣམས་ནང་ཆོས་ཀྱི་རྨང་གཞི་རེད། གཞུང་དེ་དག་ཚན་རིག་གི་འགྲོ་སྟངས་དང་ཧ་ཅང་མཐུན་པོ་འདུག ལོ་ཤས་གོང་ནས་བྷེང་ཀོག་ Bangkok ནང་པའི་མཐོ་སློབ་ Buddhist University ཀྱི་མཁས་དབང་ཁག་གཅིག་དང་ཐུག་བྱུང་།
ཐེ་ལེན་ཌིར་མཚོན་ན་ནང་པའི་རྒྱལ་ཁབ་ཕུལ་བྱུང་ཞིག་རེད། སྐབས་དེར་ང་ཚོ་ཕན་ཚུན་བདེན་བཞི་རྣམ་གཞག་དང་བྱང་ཕྱོགས་སོ་བདུན་བཅས་ཐེག་པ་ཐུན་མོང་བའི་གཞུང་དེ་དག་སྐོར་ལ་བགྲོ་གླེང་ཏོག་ཙམ་བྱུང་། སྐབས་དེར་ངོས་ཀྱིས་ཁོང་རྣམ་པར་གཞུང་དེ་དག་འཆད་སྐབས་བཅོམ་ལྡན་འདས་ཀྱི་ལུང་ལ་བརྟེན་ནས་འཆད་ཀྱི་ཡོད་དམ། ཡང་ན་རིགས་པ་གཙོ་བོར་བྱེད་ནས་འཆད་མིན་འདྲི་སྐབས། ཁོང་རྣམ་པས་ལུང་གཙོ་བོར་བྱེད་བཞིན་ཡོད་སྐོར་གསུང་བྱུང་།
དེ་མ་ཐག་ངོས་ཀྱི་བསམ་བློའི་ནང་སློབ་དཔོན་ཆོས་གྲགས་ཀྱི་ཚད་མ་རྣམ་འགྲེལ་ལིའུ་བཞི་ཡོད་པ་ལས་ལིའུ་གཉིས་པ་ཚད་མ་གྲུབ་པའི་ལིའུའི་ནང་བདེན་བཞིའི་རྣམ་གཞག་དེ་དག་གཙོ་བོ་རིགས་པའི་ལམ་ནས་གསུང་ཡོད། དེར་བརྟེན་དཔལ་ནཱ་ལེནྡཱ་བཞེད་སྲོལ་དེ་ཉིད་གཙོ་བོ་སྟོན་པ་བཅོམ་ལྡན་འདས་ཀྱིས་བྱ་རྒོད་ཕུང་རིར་ཆོས་འཁོར་གཉིས་པ་དེ་གཙོ་བོར་འཛིན་བཞིན་ཡོད། བཀའ་བར་པ་དེ་ལེགས་སྦྱར་སྐད་ཐོག་ནས་གསུང་པ་རེད། དེ་དག་རིགས་པ་གཙོ་བོ་བྱས་ནས་གསུང་ཡོད།
དེར་བརྟེན་སློབ་དཔོན་ཕྱོགས་གླང་དང་ཆོས་གྲགས་སོགས་ལྟ་གྲུབ་སྨྲ་བ་ཆེན་པོ་ཡིན་པ་ཙམ་མ་ཟད། ཚད་མ་རིགས་པའི་གཞུང་ལུགས་ཐོག་ཧ་ཅང་མཁས་པ་ཆེན་པོ་ཡིན། ཕྱོགས་མཚུངས་མཁན་ཆེན་ཞི་བ་འཚོ་དང་སློབ་དཔོན་པདྨའི་ངང་ཚུལ་སོགས་ཧ་ཅང་མཁས་པ་ཆེན་པོ་རེད། ལྷག་པར་མཁན་ཆེན་ཞི་བ་འཚོ་དང་སློབ་དཔོན་པདྨའི་ངང་ཚུལ་རྣམ་གཉིས་བོད་ཀྱི་ཆོས་རྒྱལ་ཚོས་དུས་རབས་བརྒྱད་པའི་ནང་རྒྱ་གར་ནས་བོད་དུ་གདན་འདྲེན་ཞུས་ཡོད། སློབ་དཔོན་ཁོང་རྣམ་གཉིས་ཚད་མའི་གཞུང་ལ་མཁས་པ་བསམ་གྱིས་མི་ཁྱབ་པ་ཡིན།
དེར་བརྟེན་རྒྱུ་མཚན་དང་རིགས་པར་ཁུངས་གཏུགས་ནས་ཕྱིན་པ་ཡིན་ན་དེང་དུས་ཚན་རིག་པ་དང་དཔུང་པ་མཉམ་གཤིབས་ཐོག་ནས་འགྲོ་ཐུབ། ཡིད་ཆེས་ཙམ་ལ་བརྟེན་ནས་ཕྱིན་པ་ཡིན་ན་གནས་ཚུལ་ཐ་དད་རེད། གོང་དུ་སྟོན་པ་བཅོམ་ལྡན་འདས་ངོ་སྤྲོད་ཞུ་སྐབས་བརྗོད་པ་ལྟར། ནང་ཆོས་དེ་དམིགས་བསལ་བ་ཞིག་ཡིན། ངོས་ལ་ནང་ཆོས་དར་འཕེལ་གཏོང་རྒྱུའི་ཀུན་སློང་དེ་འདྲ་རྩ་བ་ནས་མེད། ལྷག་པར་ཡུ་རོབ་དང་ཨ་རི་ལྟ་བུ་ཕ་མེས་ནས་ཡེ་ཤུ་དང་ཇིའུ་ཆོས་ལུགས་དར་སྲོལ་ཤུགས་ཆེ་ཡོད་པའི་སྤྱི་ཚོགས་ཁྲོད་ནང་ཆོས་དར་འཕེལ་གཏོང་རྒྱུའི་བསམ་བློ་རྩ་བ་ནས་མེད།
མཚམས་རེ་ས་ཁུལ་དེ་དག་ནང་གི་ས་གནས་ནང་པའི་ཆོས་ཚོགས་ལ་སོགས་པས་ནང་ཆོས་ངོ་སྤྲོད་བྱེད་རོགས་བརྗོད་སྐབས་ངོས་ཀྱིས་དེ་ལྟར་བྱེད་བཞིན་ཡོད། ཐེངས་ཤིག་སི་ཊར་སི་བྷག་ Strasbourg ཡིན་པ་ཡོད། མི་གྲངས་ ༨༠༠༠ ཙམ་ཤོང་ཚད་ཀྱི་ཚོགས་ཁང་ཧ་ཅང་ཆེན་མོ་ཞིག་འདུག སྐབས་དེར་ངོས་ཀྱིས་ནང་ཆོས་སྐོར་འགྲེལ་བཤད་བྱེད་སྐབས་ཕྲན་བུ་ཚོར་བ་མི་བདེ་བ་ཞིག་སྐྱེས་བྱུང་། ས་ཁུལ་དེ་ནི་ཕ་མེས་ནས་ཡེ་ཤུ་དང་ཇུའི་ཆོས་ལུགས་དར་ཁྱབ་ཡོད་མཁན་ཞིག་ཆགས་ཡོད་པ་ལས་ནང་པའི་རྒྱལ་ཁབ་མ་རེད།
ཡང་སྐབས་གཞན་ཞིག་ལ་འཇར་མན་ཨ་སྒོར་ས་ཡ་མང་པོ་ཡོད་མཁན་ཕྱུག་བདག་གཅིག་གིས་ཕ་རན་སིར་ France ཡུལ་དུ་ནང་པའི་བསྟི་གནས་ཁང་ཞིག་གསར་སྐྲུན་ཆེད་ཨ་སྒོར་ས་ཡ་གཅིག་ཞལ་འདེབས་གནང་འདོད་ཡོད་སྟབས་ཁོང་དང་བོད་པའི་བླ་མ་ཞིག་ཀྱང་ངོས་ཐུག་པར་བསླེབས་བྱུང་། སྐབས་དེར་ངོས་ཀྱིས་ཕྱུག་བདག་ཁོང་གི་གཏོང་ཕོད་ཀྱི་བསམ་པར་ཡི་རངས་བསྔགས་བརྗོད་ཞུས་ཀྱང་ས་གནས་དེ་ནང་པའི་རྒྱལ་ཁབ་མིན་སྟབས་ནང་པའི་བསྟི་གནས་ཁང་ཆེན་པོ་དེ་འདྲ་བཞེང་བ་ཡིན་ན་རན་པོ་ཞིག་རྩ་བ་ནས་མེད་སྐོར་བརྗོད་པ་ཡིན། གལ་ཏེ་ནང་པའི་བསྟི་གནས་ཁང་གསར་བཞེང་བྱ་འདོད་ཡོད་ཚེ་ཡང་ན་ཐེ་ལེན་ཌི་དང་རྒྱ་གར་ནང་དཔེར་ན་བྷེང་ལོར་ལྟ་བུ་ཞིག་ནང་བཞེང་ཐུབ་ཚེ་རན་པོ་ཡོད། ཅེས་བརྗོད་རྒྱུ་བྱུང་།
དེར་བརྟེན་ཆོས་ལུགས་འདྲ་མིན་ནང་དུ་དོན་དམ་གྱི་འཆམ་མཐུན་བསྐྲུན་དགོས་ན་ཆོས་ལུགས་གཞན་ལ་ཞེ་ཐག་པ་ནས་བརྩི་བཀུར་ཞུ་དགོས། ཐེངས་ཤིག་ཡེ་ཤུ་རྣམ་དག་གི་མཆོད་དཔོན་ Bishop ལྷན་ཚོགས་ཤིག་ཐོག་ཡེ་ཤུའི་ཆོས་གྲོགས་ཕོ་མོ་ཚོས་ཤེས་ཡོན་དང་འཕྲོད་བསྟེན་ཐོག་དངོས་གནས་ཧ་ལས་པའི་ཞབས་འདེགས་ཞུ་བཞིན་པ་དེར་ངོས་ཀྱིས་བསྔགས་བརྗོད་ཡོད་སྐོར་ཞུས་པ་དང་སྦྲགས། མཚམས་རེ་ཡེ་ཤུའི་ཆོས་པ་ཚོས་ཡེ་ཤུའི་ཆོས་ལ་ཚུར་བློ་སྒྱུར་ཐབས་བྱ་རྒྱུའི་ལས་འགུལ་སྤེལ་བཞིན་པ་དེར་ངོས་རང་དགའ་པོ་མེད། ལྟ་གྲུབ་མེད་མཁན་ནང་ལ་དེ་ལྟར་གནང་བ་ཡིན་ན་གནས་ཚུལ་ཐ་དད་ཡིན་པ་ལས་གཞན་ལྟ་གྲུབ་གཏིང་ཟབ་ཡོད་མཁན་སྤྱི་ཚོགས་ཁྲོད་ཆོས་ལུགས་བསྒྱུར་ཟེར་བ་དེ་ནི་ཧ་ཅང་རྙོག་གྲ་ཚ་པོ་རེད། ཅེས་བརྗོད་རྒྱུ་བྱུང་།
ཐེངས་ཤིག་སོག་ཡུལ་ནང་ཀོ་རི་ཡའི་ཡེ་ཤུའི་ཆོས་སྤེལ་མཁན་ཁག་གཅིག་ངོས་རང་ཐུག་པར་བསླེབས་བྱུང་། སྐབས་དེར་ངོས་ཀྱིས་ཁོང་ཚོར་སོག་ཡུལ་དེ་ཡེ་ཤུའི་རྒྱལ་ཁབ་ཅིག་མ་རེད། ཕ་མེས་ནས་ནང་པའི་ལུང་པ་ཞིག་རེད། དེར་བརྟེན་ཁྱེད་རང་ཚོའི་ཡེ་ཤུའི་ཆོས་སྤེལ་རྒྱུའི་ལས་གཞི་འདི་རན་པོ་ཞིག་རྩ་བ་ནས་མེད། ཅེས་ངོས་ཀྱིས་ཁོང་ཚོར་ཐད་ཀར་ཞུ་རྒྱུ་བྱུང་། ངོས་རང་ཉིད་ལ་མཚོན་ནའང་ཕ་མེས་ནས་ནང་པའི་ལུང་པ་མིན་པ་ཞིག་ལ་ནང་ཆོས་དར་འཕེལ་གཏོང་ཐབས་རྩ་བ་ནས་བྱེད་ཀྱི་མེད།
རྒྱ་གར་ལ་མཚོན་ན་ནང་ཆོས་ཐོག་མ་དར་ཡུལ་ཞིག་ཡིན་པ་མ་ཟད། ལྷག་པར་དཔལ་ནཱ་ལེནྡཱའི་བཞེད་སྲོལ་དྲི་མ་མེད་པ་ངོས་ཀྱིས་ཧ་ལམ་ཚན་རིག་དང་མཐུན་པའི་ཆོས་ལུགས་ཞེས་བརྗོད་ཆོག དུས་རྟག་ཏུ་རྒྱུ་མཚན་ལ་དཔྱད་པ་བྱས་ནས་རིགས་ལམ་གྱི་ཐོག་ནས་འགྲོ་རྒྱུ་ཞིག་རེད། ང་ཚོས་ལྷག་མཐོང་ཞེས་བརྗོད་ཀྱི་ཡོད། སྤྱིར་ང་ཚོས་སངས་ལ་སྐྱབས་སུ་མཆིའོ། ཆོས་ལ་སྐྱབས་སུ་མཆིའོ། དགེ་འདུན་ལ་སྐྱབས་སུ་མཆིའོ། ཞེས་འདོན་བཞིན་ཡོད་ཀྱང་། གཙོ་བོ་ཆོས་ཟེར་ན་གང་ཡིན་དེའི་ཐོག་ལ་དཔྱད་པ་བྱས་ནས་འགྲོ་བཞིན་ཡོད། ཅེས་སོགས་ཀྱི་བཀའ་སློབ་སྩལ་བ་མ་ཟད།
ཆོས་མངོན་པ་མཛོད་ལས་རིའི་རྒྱལ་པོ་རི་རབ་དང་འཛམ་གླིང་ཟླུམ་པོ་ཡིན་ཚུལ་གསུང་པ་དེར་ཡིད་ཆེས་མཛད་ཀྱི་མེད་པ་དང་། དེ་ནི་དེང་སྐབས་དངོས་ཡོད་གནས་ཚུལ་དང་ཡོངས་སུ་མ་མཐུན་པར་བརྟེན་ཁས་ལེན་མཛད་ཐབས་མེད་ཅེས་དང་། ཡང་མུ་མཐུད་བཀའ་སློབ་སྩལ་དོན།
ངོས་ཀྱིས་ནང་ཆོས་དེ་ཆོས་ཡག་ཤོས་རེད་རྩ་བ་ནས་བརྗོད་ཀྱི་མེད། འོན་ཀྱང་ནང་ཆོས་ནས་དུས་རྟག་ཏུ་ཆོས་རྣམས་ཀྱི་གནས་ལུགས་ལ་དཔྱད་པ་བྱས་ནས་འགྲོ་བཞིན་ཡོད། རྒྱ་གར་གནའ་རབས་ཀྱི་ལྟ་གྲུབ་ནང་བློ་སྦྱོང་སྐོར་བཤད་ཡོད། ཡེ་ཤུ་དང་ཇིའུ་ཆོས་ལུགས་ནང་བློ་སྦྱོང་སྐོར་མེད། རྒྱ་གར་གནའ་རབས་གྲངས་ཅན་པ་ལྟ་བུར་མཚོན་ན་ལོ་ངོ་ ༣༠༠༠ ཙམ་ཕྱིན་ཡོད། གྲངས་ཅན་པའི་ཆོས་ལུགས་ནང་གསེས་དབྱེ་བ་གཉིས་ཡོད། གྲངས་ཅན་ལྷར་བཅས་པ་དང་ལྷ་མེད་པ་འདོད་མཁན་གཉིས་ཡོད།
དེ་ནས་ལོ་ངོ་ ༢༧༠༠ ཙམ་ནས་གཅེར་བུ་བའི་སྟོན་པ་རྒྱལ་བ་དམ་པ་ (Mahavira) བྱོན། དེ་རྗེས་ནང་ཆོས་བྱུང་བ་རེད། འཇིག་རྟེན་བཀོད་པ་པོ་མི་འདོད། དེར་བརྟེན་རྒྱ་གར་རང་གི་ནང་བྱུང་བའི་གྲངས་ཅན་པ་དང་གཅེར་བུ་བ། ནང་པ་སངས་རྒྱས་པ་བཅས་ཀྱིས་འཇིག་རྟེན་བཀོད་པ་པོ་མི་འདོད། ལས་བྱེད་པ་པོ་རང་ཉིད་ཡིན་པ་འདོད། དེར་བརྟེན་བློ་སྦྱོང་སྐོར་གསུང་བ་རེད། ཞི་གནས་དང་ལྷག་མཐོང་གི་ཉམས་ལེན་སྐོར་གསུང་ཡོད། རྒྱ་གར་གནའ་རབས་རིག་གཞུང་ནང་བསླབ་པ་གསུམ་སྟེ་ཚུལ་ཁྲིམས་དང་ཏིང་ངེ་འཛིན། ཤེས་རབ་བཅས་ཧིན་དུ་དང་ནང་ཆོས་ནང་གསུང་ཡོད།
ནང་པ་སངས་རྒྱས་པ་དང་ཧིན་དུའི་དབར་གང་ཟག་གི་བདག་ཡོད་མེད་འདོད་ཚུལ་ལ་ཁྱད་པར་ཡོད། དེ་བཞིན་གཅེར་བུ་བ་དང་གྲངས་ཅན་ལྷ་མེད་སྨྲ་བ་ཚོས་གང་ཟག་གི་བདག་འདོད། ཕུང་པོ་ལས་གཞན་པའི་རྟག་པ། གཅིག་པུ། རང་དབང་བའི་བདག་འདོད་པ་རེད། འོན་ཀྱང་སྟོན་པ་བཅོམ་ལྡན་འདས་ཀྱིས་དེ་ལྟ་བུའི་བདག་དེར་དགག་པ་བསྐྱོན་ནས་བདག་མེད་པའི་ལྟ་བ་གསུངས། ཁྱད་པར་དེ་དག་ལས་གཞན་ནང་པ་དང་ཧིན་དུ། གཅེར་བུ་བ་བཅས་སྤུན་མཆེད་ཕོ་མོ་ལྟ་བུ་ཡིན། རྒྱ་གར་གནའ་རབས་ལྟ་གྲུབ་ནས་བློའི་རྣམ་གཞག་སྐོར་ཧ་ཅང་ཕྱུག་པོ་འདུག དེར་བརྟེན་རྒྱ་གར་བ་ཆོས་དད་ཡོད་མེད་ཇི་ལྟར་ཡང་བློའི་རྣམ་གཞག་སྐོར་ཤེས་བྱ་ཧ་ཅང་ཕྱུག་པོ་ཡོད། དེ་ལྟ་བུའི་ཁྱེད་རང་ཚོའི་ཕ་མེས་ནས་དར་བའི་རིག་གཞུང་དེ་དག་ངེས་པར་དུ་དེང་དུས་རྒྱ་གར་ནང་སླར་གསོ་བྱ་དགོས། དེ་ཡང་ཆོས་ཀྱི་སྐད་ཆ་མིན་པར་ཤེས་ཡོན་གྱི་རྣམ་པའི་ཐོག་ནས་སློབ་ཚན་དུ་འཇོག་ཐབ་བྱེད་དགོས།
རྒྱ་གར་རྩ་ཁྲིམས་ནང་ལ་མཚོན་ནའང་རིས་མེད་ཀྱི་ལྟ་གྲུབ་ Secular གཞི་རྩར་འཛིན་ཡོད། རིས་མེད་དེའང་ཆོས་ལུགས་ཚང་མར་གུས་བཀུར་ཞུ་རྒྱུ་ཙམ་མ་ཟད། ཆོས་ཁས་མི་ལེན་མཁན་ཚོ་ལའང་གུས་བཀུར་ཞུ་རྒྱུ་དེ་ཡིན་འདུག འདི་ནི་ངོ་མཚར་ཅན་ཞིག་དང་ཁ་ཡོད་ལག་ཡོད་ཀྱི་ལྟ་ཚུལ་ཞིག་རེད།
དེང་སྐབས་འཛམ་གླིང་མི་འབོར་ཐེར་འབུམ་བདུན་ཡོད་ཁོངས་ནས་ཐེར་འབུམ་གཅིག་ཙམ་གྱིས་ཆོས་ལ་ཡིད་ཆེས་བྱེད་ཀྱི་མེད། ཁོང་ཚོ་ཟུར་ཕུད་བྱ་ཐབས་མེད། ཁོང་ཚོའང་ང་ཚོ་ལྟར་འགྲོ་བ་མི་རིགས་སྤུན་མཆེད་ཕོ་མོ་ཡིན་པ་གཅིག་གྱུར་རེད། དེར་བརྟེན་ཆོས་ཁས་མི་ལེན་ཚོའང་དང་ལེན་ཞུ་དགོས། གང་ཟག་སྒེར་གྱི་གནས་སྟངས་ཐོག་ནས་ཆོས་ལ་ཡིད་ཆེས་མ་བྱས་ཀྱང་འགྲོ་བ་མི་རིགས་གཅིག་གྱུར་ཆགས་ཡོད་སྟབས་ཕན་ཚུན་མཉམ་གནས་ཐོག་ནས་མི་ཚེ་བསྐྱལ་དགོས། དེར་བརྟེན་རྒྱ་གར་གནའ་རབས་ཀྱི་རིས་མེད་ལྟ་ཚུལ་འདི་ཧ་ཅང་དངོས་ཡོད་གནས་ཚུལ་དང་འཚམས་པ་ཞིག་རེད་འདུག
ངོས་ཀྱིས་སྐབས་མང་པོར་རྒྱ་གར་གནའ་རབས་ཀྱི་རིག་གཞུང་དེ་དག་ད་ཆ་ཡུལ་འདིའི་ནང་ཤེས་ཡོན་གྱི་ངོ་བོའི་ཐོག་ནས་སླར་གསོ་དགོས་གལ་སྐོར་བརྗོད་པ་ཡིན། ལྷ་ཁང་དང་སྨོན་ལམ་བརྒྱབ་པ་བརྒྱུད་ནས་མིན་པར་ཤེས་ཡོན་གྱི་ལམ་ནས་བྱེད་དགོས་པ་ལས་ཆོས་ལ་བརྟེན་ནས་བྱས་པ་ཡིན་ན་སྐབས་རེ་ཆོས་པས་ཞབས་འདྲེན་ཞུ་བཞིན་ཡོད། དཔེར་ན་ཉེ་ལམ་ཧརྱ་ནའི་བྷ་བྷ་རཱམ་ར་ཧིམ་ Baba Ram Rahim ལྟ་བུ་ཆགས་ཉེན་ཡོད། ཆོས་ཁས་ལེན་མིན་དེ་གཙོ་བོ་གང་ཟག་སྒེར་ལ་རག་ལུས་པ་རེད། ཆོས་ཁས་ལེན་ཕྱིན་མིའི་རྣམ་དཔྱོད་ཡོད་པ་དེ་བེད་སྤྱོད་བྱེད་དགོས། བརྟག་དཔྱད་བྱོས། ཚོད་ལྟ་བྱེད་དགོས་པ་ལས་རྨོངས་དད་ཀྱི་རྗེས་སུ་འབྲང་མི་རུང་། རྨོངས་དད་རྗེས་སུ་འབྲངས་བ་ཡིན་ན་སྐབས་རེ་ཆོས་པ་ཡིན་ཟེར་མཁན་ཚོས་གོ་སྐབས་བཟུང་ནས་འགྲོ་རྒྱུའི་ཉེན་ཁ་ཡོད། ཅེས་བཀའ་སློབ་སྩལ་རྗེས་དྲི་བ་རྣམས་ལ་བཀའ་ལན་སྩལ།
སྐབས་དེར་༸གོང་ས་མཆོག་གིས་དྲི་བ་ཞིག་གི་ལན་དུ་བཀའ་ལན་སྩལ་དོན། རྒྱ་གར་ནང་རིགས་མཆོག་དམན་དབྱེ་འབྱེད་བྱ་རྒྱུའི་ལམ་སྲོལ་དེ་སྔ་ཞིང་བྲན་ལམ་ལུགས་སྐབས་རྒྱལ་པོ་རྒྱལ་མོ་དང་། མི་དྲག་དཔོན་དྲག་དེ་ཚོས་བཟོས་པ་ཞིག་ལས་དཀོན་མཆོག་གིས་བཟོས་པ་ཞིག་མ་རེད། དེ་ནི་གཙོ་བོ་ཁོང་རང་ཚོའི་ཁེ་ཕན་བསྒྲུབ་རྒྱུའི་དོན་དུ་རིགས་མཐོ་དམའ་བརྩིས་ནས་རིགས་དམའ་བ་རྣམས་དུས་རྟག་ཏུ་ཁོང་ཚོས་གང་བཤད་འོག་གནས་ཐབས་བཅས་བསམ་བློ་དེ་འདྲ་ཞིག་ཐོག་ནས་བཟོས་པ་ཞིག་རེད། ཅེས་བཀའ་ལན་སྩལ་རྗེས་༸གོང་ས་མཆོག་གིས་ཨོ་ཌི་ཤ་ཕུན་ཚོགས་གླིང་གཞིས་ཆགས་ཀྱིས་གནས་བོད་མི་ ༡༥༠༠ བརྒལ་བར་བཀའ་སློབ་སྩལ་ཡོད་པ་བཅས།།