༢༠༡༧ ཟླ་ ༡༡ ཚེས་ ༢༡ རེས་གཟའ་མིག་དམར།
༄༅། །རྒྱ་གར་ཨོ་ཌི་ས་མངའ་སྡེའི་ནང་རྟེན་གཞི་བྱས་པའི་ཀ་ལིངྒ་སྤྱི་ཚོགས་ཚན་རིག་བསྟི་གནས་ཁང་ Kalinga Institute of Social Sciences གིས་འགྲོ་བ་མིའི་བཟང་སྤྱོད་ཀྱི་གཟེངས་རྟགས་ཐེངས་ ༡༠ 10th KISS Humanitarian Award བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་འབུལ་ལམ་ཞུས་འདུག
དེ་ཡང་ཕྱི་ལོ་ ༢༠༡༧ ཟླ་ ༡༡ ཚེས་ ༢༡ ཉིན་ཀ་ལིངྒ་སྤྱི་ཚོགས་ཚན་རིག་བསྟི་གནས་ཁང་གི་འགན་འཛིན་སྐུ་ཞབས་ Dr. Achyuta Samanta མཆོག་དང་བསྟི་གནས་ཁང་གི་ཚོགས་གཙོ་ལྕམ་སྐུ་ Smt Saswati Bal མཆོག་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་འགྲོ་བ་མིའི་བཟང་སྤྱོད་ཀྱི་གཟེངས་རྟགས་ཐེངས་ ༡༠ འབུལ་ལམ་ཞུས་འདུག སྐབས་དེར་༸གོང་ས་མཆོག་གིས་གཟེངས་རྟགས་དགྱེས་བཞེས་དང་སྦྲགས། བསྟི་གནས་ཁང་གི་གདོད་མའི་མི་རིགས་ཀྱི་སློབ་ཕྲུག་གྲངས་ ༢༧༠༠༠ ཙམ་ལ་བླང་དོར་བཀའ་སློབ་སྩལ་དོན་སྙིང་པོར།
དེང་དུས་ཤེས་ཡོན་ལམ་ལུགས་ནང་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་སློབ་ཚན་ཐོག་ནས་གཞོན་སྐྱེས་ཚོར་ཕྱོགས་ཡོངས་ཀྱི་གནས་ཚུལ་ཤེས་པའི་ཐོག་ནས་འཛམ་གླིང་སྔར་ལས་ཞི་བདེ་ལྡན་པ་ཞིག་བཟོ་ཐབས་ལ་འབད་དགོས་པའི་བླང་དོར་བཀའ་སློབ་སྩལ་དོན།
དེང་དུས་ཤེས་ཡོན་ལམ་ལུགས་ནང་གཙོ་བོ་ཕྱི་དངོས་པོའི་འཛུགས་སྐྲུན་ཡར་རྒྱས་ལ་དམིགས་པ་ཞིག་ཡིན་སྟབས་འདང་ངེས་ཤིག་མེད། ད་ལྟ་འཛམ་གླིང་སྤྱི་ཚོགས་ཀྱི་དངོས་ཡོད་གནས་སྟངས་ནི་ང་ཚོ་ཚང་མ་འགྲོ་བ་མི་རིགས་གཅིག་གྱུར་གྱི་འདུ་ཤེས་འཛིན་ནས་འཛམ་གླིང་གི་དཀའ་ངལ་རྣམས་མིས་བཟོས་པ་ཡིན་སྟབས་དཀའ་ངལ་སེལ་རྒྱུའི་འགན་དེའང་ང་ཚོ་མི་ཁོ་ནར་ཡོད། དེར་བརྟེན་དཀའ་ངལ་དེ་དག་སེལ་ཐབས་ཆེད་གཞི་རྩའི་ཀུན་སློང་དེའི་ཐོག་ནས་འབད་བརྩོན་བྱེད་དགོས།
དེང་དུས་ཤེས་ཡོན་ལམ་ལུགས་བྱམས་བརྩེ་དང་བཟོད་བསྲན་སོགས་གོང་མཐོར་ཇི་ལྟར་གཏོང་དགོས་མིན་གྱི་སློབ་གསོ་དེ་དག་ཚུད་པ་བྱས་ནས་འཛམ་གླིང་ནང་ཞི་བདེ་སྐྲུན་ཐབས་ཆེད་འབད་དགོས། ཁོང་ཁྲོ་དང་ཕྲག་དོག དེ་བཞིན་རེ་དོགས་ཀྱི་བསམ་བློ་སོགས་ཚུལ་མིན་ཡིད་བྱེད་ཀྱི་བློ་དེ་དག་ལ་བརྟེན་ནས་འཇིགས་སྐུལ་རིང་ལུགས་ཀྱིས་གཙོས་རྙོག་གྲ་ཡོངས་རྫོགས་ཡོང་བཞིན་ཡོད་སྟབས་ཉོན་མོངས་པའི་རྣམ་རྟོག་དེ་དག་ལ་གཉེན་པོ་བསྟེན་དགོས་པ་ཧ་ཅང་གལ་ཆེ།
ཞི་བདེ་ངོ་མ་དེ་བསམ་བློའི་ཐོག་ནས་ཡོང་དགོས། ནང་གི་ཞི་བདེ་ཡོང་བར་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་སློབ་གསོ་བརྒྱུད་ནས་ནང་གི་དགྲ་བོ་རྣམས་ཐུལ་དགོས། ནང་གི་དགྲ་མེད་ན་ཕྱི་ལ་ཞི་བདེ་ཡོང་ངེས། དེའི་ཐོག་ནས་རང་བཞིན་གྱིས་བྱམས་བརྩེ་དང་ཕན་ཚུན་གུས་བརྩི་སོགས་ཡོང་ཐུབ་རྒྱུ་ཡིན། ཞེས་བཀའ་སློབ་སྩལ་བ་མ་ཟད།
རྒྱ་གར་ནང་རིགས་མཆོག་དམན་དབྱེ་འབྱེད་བྱ་རྒྱུའི་ལམ་ལུགས་རྙིང་པ་དེ་དག་དུས་ཚོད་ཡོལ་ཟིན་སྐོར་བཀའ་སློབ་སྩལ་དོན། རྒྱ་གར་འཕགས་པའི་ཡུལ་འདིའི་ནང་རིགས་མཆོག་དམན་དབྱེ་འབྱེད་བྱ་རྒྱུའི་ལམ་ལུགས་དེ་ད་ཆ་དུས་ཚོད་ཡོལ་ཟིན་པའི་ལམ་སྲོལ་རྙིང་པ་ཞིག་ཡིན་སྟབས་མཐའ་གཅིག་ཏུ་ནོར་འཁྲུལ་རེད། ངོས་རང་ཉིད་ལ་མཚོན་ནའང་བོད་ཀྱི་ཞིང་པའི་གྲོང་གསེབ་ཆུང་ཆུང་ཞིག་ནས་ཡོང་བ་རེད། ངོས་ཀྱི་མིང་ལ་བརྟེན་ནས་ཁྱད་པར་ཕྲན་བུ་བྱུང་བ་མ་གཏོགས་གཞན་སོ་ནམ་པའི་གྲོང་གསེབ་ཧ་ཅང་ཉམ་ཆུང་ཞིག་ཡིན།
འོན་ཀྱང་གཙོ་བོ་ངོས་རང་ཉིད་ཀྱིས་སྙིང་སྟོབས་བསྐྱེད་ནས་འབད་བརྩོན་ཤུགས་ཆེ་བྱས་པ་རེད། དེར་བརྟེན་ཁྱེད་རང་ཚོས་ཀྱང་བློ་སྤོབས་མ་ཞུམ་པར་དཀའ་ལས་བརྒྱག་དགོས། ཁྱེད་རང་ཚོ་དུས་རབས་ ༢༡ མི་རབས་རེད། དེར་བརྟེན་གོ་སྐབས་དང་ལས་འགན་གཉིས་ཀ་ཡོད།
སོས་དལ་ངང་ནས་མི་ཚེ་ཆུད་ཟོས་སུ་གཏོང་མི་རུང་། ཞེས་བཀའ་སློབ་སྩལ་བ་མ་ཟད། བསྟི་གནས་ཁང་གིས་འགན་འཛིན་སྐུ་ཞབས་ Dr Achyuta Samanta མཆོག་གིས་ཐུགས་ཁུར་རྐང་བཞེས་ཐོག་གདོད་མའི་མི་རིགས་གཙོ་བོར་གྱུར་བའི་སློབ་ཕྲུག་གྲངས་ ༢༧༠༠༠ ཙམ་ལ་ཤེས་ཡོན་དང་འཕྲོད་བསྟེན། ལག་ཤེས་སོགས་ཀྱི་མཐུན་འགྱུར་རོགས་རམ་གནང་བའི་ལས་དོན་ལ་བསྔགས་བརྗོད་མཛད། བཀའ་སློབ་གྲུབ་བསྟུན་དྲི་བ་རྣམས་ལ་བཀའ་ལན་མཛད་ཡོད།
སྤྱིར་བསྟི་གནས་ཁང་གི་འགྲོ་བ་མིའི་བཟང་སྤྱོད་ཀྱི་གཟེངས་རྟགས་དེ་ཐོག་མར་ཕྱི་ལོ་ ༢༠༠༨ ལོར་ཐོག་མར་གསར་འཛུགས་གནང་བ་ནས་ད་བར་འཛམ་གླིང་འགྲོ་བ་མིའི་བཟང་སྤྱོད་ཀྱི་འགན་ཁུར་ཐོག་ནས་གཟེངས་སུ་ཐོན་པའི་བྱས་རྗེས་འཇོག་མཁན་ཚོར་འབུལ་སྲོལ་ཡོད་པ་ཞིག་ཡིན་འདུག གཟེངས་རྟགས་གསར་གཏོད་གནང་མཁན་བསྟི་གནས་ཁང་གི་འགན་འཛིན་སྐུ་ཞབས་ཨ་ཆུཏྱ་ས་མན་ཏ་ Dr. Achyuta Samanta མཆོག་ཡིན་པ་དང་། ད་བར་གཟེངས་རྟགས་དེ་བཞེས་མཁན་གྲས་མོ་རེ་ཤེ་སི་ Mauritius ཡུལ་གྱི་སྲིད་འཛིན་སྐུ་ཞབས་ཨ་ནི་རོཌ་ཇུག་པོཐ་མཆོག Sir Anerood Jugnauth དང་། འབྲུག་གི་སྲིད་བློན་འཇིག་མེད་འཕྲིན་ལས་མཆོག་སོགས་ཡོད་འདུག་པ་བཅས།།