༢༠༡༧ ཟླ་ ༡༡ ཚེས་ ༢༠ རེས་གཟའ་ཟླ་བ།
༄༅། །དེ་རིང་སྔ་དྲོ་རྒྱལ་ས་ལྡི་ལིར་ཨོ་གླིང་གྲོས་ཚོགས་འཐུས་མི་ཁག་གཅིག་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མཇལ་བཅར་ཞུས་འདུག དེ་དང་ཁོང་རྣམས་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ཌེ་རི་ཧིན་ཆི་ Derryn Hinch མཆོག་དང་། ཀེ་ཝིན་ཨན་ཌིའུ་ Kevin Andrews མཆོག་རྣམ་གཉིས་ཀྱིས་སྣེ་ཁྲིད་དེ་མཇལ་བཅར་ཞུས་ཡོད། ཁོང་རྣམ་གཉིས་ལ་མཚོན་ན་ལྔ་ལོའི་ཕྱི་ཟླ་ ༡༡ ཚེས་ ༢༠ ནས་ ༢༣ བར་བཞུགས་སྒར་དུ་འཚམས་གཟིགས་སུ་ཕེབས་མྱོང་ཡོད་འདུག ཐེངས་འདིར་ཨོ་གླིང་སྐུ་ཚབ་དོན་གཅོད་ལྷག་པ་མཚོ་སྒོ་ལགས་ཀྱང་ལྷན་བཅར་ཞུས་འདུག
དེ་ཡང་དེ་རིང་སྔ་དྲོ་ཨོ་གླིང་གྲོས་ཚོགས་འཐུས་མི་བཞི་ལས་གྲུབ་པའི་སྐུ་ཚབ་ཚོགས་ཆུང་ནས་ལྡི་ལིའི་ཏཱཇ་གསོལ་མགྲོན་ཁང་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མཇལ་བཅར་ཞུ་སྐབས་༸གོང་ས་མཆོག་གིས། འཛམ་གླིང་ནང་གི་རྩོད་རྙོག་རྣམས་འཚེ་མེད་ཞི་བ་གྲོས་མོལ་གྱི་ལམ་ནས་སེལ་ཐབས་ཆེད་འབད་བརྩོན་གནང་གལ་ཆེ་བའི་སྐོར་དང་། དུས་རབས་ ༢༡ ནང་ཕྱོགས་ཡོངས་ཀྱི་གནས་སྟངས་གཞི་ལ་བཞག་སྟེ་དངོས་ཡོད་གནས་ཚུལ་དང་མཐུན་པའི་ལངས་ཕྱོགས་རྩ་འཛིན་ཐོག་འགྲོ་དགོས་པ་དུས་ཀྱི་དགོས་མཁོ་ཆགས་ཡོད་པ་དང་།
དེ་བཞིན་གོ་ལའི་ཁོར་ཡུག་ཐོག་ནས་ཉེ་ལམ་ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་མཆོག་གི་དབུ་ཁྲིད་འོག་པེ་རི་སི་གོ་ལ་སྲུང་སྐྱོབ་ལྷན་ཚོགས་ཐོག་བཞག་པའི་གན་རྒྱའི་འབྲུ་དོན་ལ་བརྩི་མེད་བྱ་རྒྱུའི་ལངས་ཕྱོགས་དེར་ཐུགས་འཚབས་ཧ་ཅང་ཡོད་སྐོར་བཀའ་སློབ་སྩལ་དོན། འཛམ་གླིང་མི་འབོར་ཐེར་འབུམ་བདུན་ཡོད་པ་རྣམས་འགྲོ་བ་མི་རིགས་གཅིག་གྱུར་གྱི་འདུ་ཤེས་འཛིན་ནས་གོ་ལའི་ཁོར་ཡུག་སྲུང་སྐྱོབ་བྱེད་དགོས། ཞེས་སོགས་ཀྱི་བཀའ་སློབ་སྩལ་བ་མ་ཟད། བོད་མིའི་ཆབ་སྲིད་ཀྱི་གནས་སྟངས་ཐོག་ད་ཆ་མགོན་པོ་གང་ཉིད་མཆོག་བོད་མིའི་ཆོས་ཕྱོགས་ཁོ་ན་ལས་ཆབ་སྲིད་ཀྱི་༸སྐུ་དབང་ཡོངས་རྫོགས་མང་གཙོའི་ལམ་ནས་འོས་འདེབས་བྱུང་བའི་འགོ་ཁྲིད་ལ་ཕྱི་ལོ་ ༢༠༠༡ ནས་ཕྱེད་རྒན་ཡོལ་གྱི་ཚུལ་དང་། དེ་ནས་ཕྱི་ལོ་ ༢༠༡༡ ལོར་རྒན་ཡོལ་ཆ་ཚང་ཞུ་གནང་མཛད་དེ་ལོ་ངོ་བརྒྱ་ཕྲག་རིང་ནས་ཏཱ་ལའི་བླ་མས་བོད་མིའི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་ཀྱི་ལམ་སྲོལ་དེ་དགའ་ཞིང་སྤྲོ་ཞིང་། ཐུགས་སྤོབས་དང་བཅས་མཇུག་སྒྲིལ་མཛད་སྐོར་བཀའ་སློབ་སྩལ།
དེ་ཡང་གྲོས་ཚོགས་གོང་མའི་འཐུས་མི་འཐུས་མི་གཞན་གཉིས་ནི་ཀིམ་བྷར་ལེ་ཀི་ཅིང་ Kimberly Kitching མཆོག་དང་། ལྕམ་སྐུ་མེ་རིལ་ཇེན་སྭན་སོན་མཆོག Meryl Jane Swanson བཅས་ཡིན་འདུག
ཐེངས་འདིར་གྲོས་ཚོགས་འཐུས་མི་རྣམས་ཀྱིས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་དང་མཇལ་འཕྲད་གནང་རྒྱུ་མ་ཟད། ཕྱི་ཟླ་ ༡༡ ཚེས་ ༢༣ ཉིན་བཞུགས་སྒར་དུ་ཕེབས་ནས་བོད་མིའི་གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་བསྟི་གནས་ཁང་དུ་འཚམས་གཟིགས་གནང་གཏན་འཁེལ་བ་བཅས།།