༢༠༡༧ ཟླ་ ༡༡ ཚེས་ ༡༨ རེས་གཟའ་སྤེན་པ།
༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་རྒྱལ་ས་ལྡི་ལིར་༸ཞབས་སོར་འཁོད་རྗེས་མཛད་འཕྲིན་གྱི་ཐོག་མར་དེ་རིང་སྔ་དྲོ་སལ་ཝན་གཞུང་གི་སློབ་གྲྭའི་ Gyan Devi Salwan Public School དགེ་ལས་སློབ་ཕྲུག་རྣམས་ལ་རྒྱ་གར་གནའ་རབས་ཀྱི་སེམས་ཁམས་རིག་པ་གཙོ་བོར་གྱུར་བའི་ལེགས་བཤད་དེ་དག་སླར་གསོ་དགོས་གལ་སྐོར་བཀའ་སློབ་སྩལ་འདུག
དེ་ཡང་མགོན་པོ་གང་ཉིད་མཆོག་ཁུལ་དེར་༸ཞབས་སོར་འཁོད་སྐབས་འཛིན་སྐྱོང་གི་ཚོགས་གཙོ་སྐུ་ཞབས་ཀིར་པཱལ་སིངྒ་ Governors, Kirpal Singh མཆོག་གིས་གཙོས་དགེ་ལས་སློབ་ཕྲུག་རྣམས་ནས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་པ་མ་ཟད། སློབ་ཕྲུག་གཉིས་ཀྱིས་བོད་ལུགས་གཟབ་འཆོར་སྤྲས་ཏེ་ཕྱེ་མར་ཆང་ཕུད་འདེགས་འབུལ་ཞུས། སྐབས་དེར་སློབ་གྲྭའི་ཁོར་ཡུག་གི་རྣམ་པར་མཚོན་ན་སློབ་གྲྭའི་མཐའ་སྐོར་དུ་བོད་ཀྱི་རླུང་རྟ་དར་ལྕོག་གིས་བརྒྱན་པ་མ་ཟད། ཕེབས་སྒོའི་རྣམ་པ་ཚུན་བོད་ལུགས་ཀྱིས་བརྒྱན་ཡོད་འདུག སྡིངས་ཆའི་སྟེང་སློབ་མ་རྣམས་ཀྱིས་པཱ་ལིའི་ཐོག་ནས་བཤིས་བརྗོད་གསུང་འདོན་གནང་མུར་༸གོང་ས་མཆོག་གིས་སྣང་གསལ་ཞལ་ཕྱེ་མཛད།
དེ་ནས་ཐོག་མར་འགན་འཛིན་ཀིར་པཱལ་སིངྒ་ Kirpal Singh མཆོག་གིས་ངོ་སྤྲོད་ཀྱི་གསུང་བཤད་གནང་དོན། བོད་ཀྱི་༸གོང་ས་ཏཱ་ལའི་བླ་མ་མཆོག་ནི་བྱམས་བརྩེའི་བདག་ཉིད་ཀྱི་ཞི་བདེའི་དེད་དཔོན་ཞིག་དང་། འཛམ་གླིང་ཁྱོན་ཡོངས་སུ་ངོས་འཛིན་ཧ་ཅང་ཞུ་ཡུལ་ཆོས་ཕྱོགས་ཀྱི་རླབས་ཆེན་དབུ་ཁྲིད་ཅིག་ཡིན་པ་མ་ཟད། མང་གཙོའི་རིང་ལུགས་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་གྱིས་མང་གཙོ་གོང་འཕེལ་གཏོང་གནང་མཛད་མཁན་ཞིག་ཀྱང་ཡིན།
དེ་རིང་སློབ་ཕྲུག་ཁྱེད་ཚོས་༸གོང་ས་ཏཱ་ལའི་བླ་མ་མཆོག་གི་བཀའ་སློབ་དེ་དག་ཡིད་ཐོག་ནས་ཉོན་རོགས། གང་ཡིན་བརྗོད་ན་དེ་རིང་ཁྱེད་རང་ཚོར་༸གོང་ས་ཏཱ་ལའི་བླ་མ་མཆོག་གི་བཀའ་སློབ་ཉན་རྒྱུའི་གོ་སྐབས་འདི་མ་འོངས་པར་བསམ་བློའི་ནང་བག་ཆགས་གཏིང་ཟབ་ཅིག་འཇོག་ངེས་ཡིན། ཞེས་ངོ་སྤྲོད་གྲུབ་བསྟུན་༸གོང་ས་མཆོག་གིས་བཀའ་སློབ་སྩལ་དོན། ཆོས་གྲོགས་རྒན་གཞོན་ཕོ་མོ་རྣམས་ལ་འཚམས་འདྲི་ཞུ་རྒྱུ་ཡིན། ཨི་ཇིབ་ Egyptian civilization དང་རྒྱ་ནག Chinese civilization དེ་བཞིན་ཨིན་ཌ་སི་ཝེ་ལི་ Indus Valley Civilization སོགས་གནའ་རབས་སྤྱི་ཚོགས་ཀྱི་དཔལ་ཡོན་ཁྲོད་རྒྱ་གར་གནའ་རབས་ཀྱི་སྤྱི་ཚོགས་དཔལ་ཡོན་ལས་འཛམ་གླིང་ནང་གི་རིག་པ་སྨྲ་བ་མང་ཤོས་ཐོན་ཡོད།
དེར་བརྟེན་རྒྱ་གར་ལ་མཚོན་ན་ཆོས་དད་ཙམ་མིན་པར་སྲོལ་རྒྱུན་ལམ་ནས་འགྲོ་བ་མིའི་རྣམ་དཔྱོད་ཡར་རྒྱས་གཏོང་རྒྱུའི་ནུས་པ་ཧ་ཅང་ལྡན་ཡོད། རྒྱ་གར་གནའ་རབས་ཀྱི་བློའི་རྣམ་གཞག་དང་རྣམ་རྟོག་རིགས་འདྲ་མིན་ཡོད་པ་དེ་དག་ལ་གཉེན་པོ་བསྟེན་ཕྱོགས་ཀྱི་ལེགས་བཤད་དེ་དག་ཆོས་ཁས་ལེན་མིན་དང་ཆོས་ལུགས་ཇི་ཡིན་ཁྱད་གང་ཡང་མེད་པའི་ཐོག་ནས་ཐུན་མོང་གིས་སློབ་སྦྱོང་བྱེད་ཐུབ་པ་ཞིག་དང་། དེ་བརྒྱུད་འགྲོ་བ་མི་རིགས་སྤྱིའི་བདེ་སྡུག་དང་ད་ལྟའི་འཛམ་གླིང་གི་གནས་སྟངས་ཐོག་ནས་འབྲེལ་བ་ཧ་ཅང་ཆེན་པོ་ཡོད་པ་འདི་ངོས་རང་གི་ཉམས་མྱོང་ཐོག་ནས་བརྗོད་ཐུབ།
དེར་བརྟེན་འཛམ་གླིང་སྤྱི་ལ་ཞབས་འདེགས་རྒྱ་ཆེན་པོ་ཞིག་ཞུ་བར་ཐོག་མར་ལེགས་བཤད་དེ་དག་རྒྱ་གར་རང་ཉིད་ནང་སླར་གསོ་བྱ་དགོས་པ་ཧ་ཅང་གལ་ཆེན་པོ་ཆགས་ཡོད་སྟབས། ད་ཆ་གནའ་རབས་ཀྱི་ལེགས་བཤད་སྤྱི་དང་ལྷག་པར་ཚད་མ་རིག་པའི་རྣམ་གཞག་ལ་ཁྱེད་རང་ཚོས་སློབ་སྦྱོང་བྱ་དགོས་པའི་དུས་ལ་བབ་འདུག ཆོ་ག་ཕྱག་ལེན་ཙམ་དང་ཞལ་འདོན་བཏོན་པ་ཙམ་གྱིས་འདང་གི་མེད།
དེར་བརྟེན་འགྲོ་བ་མི་རིགས་ཐེར་འབུམ་བདུན་ལ་ཞབས་འདེགས་རྒྱ་ཆེ་བསྒྲུབ་དགོས་ན་ལེགས་བཤད་དེ་དག་ལ་ངེས་པར་དུ་སློབ་སྦྱོང་བྱེད་དགོས། ངོས་རང་ཉིད་ཙམ་མ་ཟད་རྒྱ་གར་ལྷོ་ཕྱོགས་གཙོ་བོར་གྱུར་བའི་བོད་ཀྱི་དགོན་པ་གྲྭ་ཚང་ཁག་གི་ནང་དགེ་འདུན་ཞལ་གྲངས་ ༡༠༠༠༠ ཙམ་དང་བཙུན་མ་སྟོང་ཕྲག་འགའ་ཤས་ཡོད་པ་ཚོས་ངོས་རང་དང་མཚུངས་པར་ལེགས་བཤད་དེ་དག་ལ་སློབ་སྦྱོང་བྱེད་བཞིན་ཡོད། ང་ཚོས་རྒྱ་གར་གནའ་རབས་ཀྱི་ལེགས་བཤད་སླར་གསོ་བྱ་རྒྱུའི་ཐད་ཞབས་འདེགས་ཕྲན་བུ་བསྒྲུབ་ཐུབ་ངེས་རེད།
དེང་དུས་ཀྱི་ཤེས་ཡོན་དང་འཕྲུལ་ཆས་ཡར་རྒྱས་ཕྱིན་པ་ཙམ་གྱིས་སེམས་ནང་ཞི་བདེ་ཐོབ་རྒྱུའི་ངེས་པ་གང་ཡང་མེད། གང་ཡིན་བརྗོད་ན་སེམས་ཀྱི་ཞི་བདེ་དཀྲུག་མཁན་དེ་མཚོན་ཆ་མ་རེད། སེམས་ཀྱི་ཞི་བདེ་དཀྲུག་མཁན་ཚུལ་མིན་ཡིད་བྱེད་ཀྱི་རྣམ་རྟོག་ཡིན་པ་ནི་དཔེར་ན། ཁོང་ཁྲོ་དང་རེ་དོགས་སོགས་ལ་བརྟེན་ནས་རང་རྒྱུད་དཀྲུག་བཞིན་ཡོད། བློ་མ་རུང་བ་དེ་དག་སྨོན་ལམ་བརྒྱབ་ནས་སེལ་ཐབས་མེད།
བློ་སྦྱོང་ཁོ་ནས་ཐོག་ནས་ཡོང་ཐུབ། ཅེས་སོགས་ཀྱི་བཀའ་སློབ་སྩལ་རྗེས་དྲི་བ་རྣམས་ལ་བཀའ་ལན་སྩལ་མཐར་སློབ་གྲྭའི་ར་བའི་ནང་ལྗོན་ཤིང་འདེབས་འཛུགས་མཛད་འདུག སྤྱིར་མགོན་པོ་གང་ཉིད་མཆོག་སློབ་གྲྭ་དེར་ལོ་ངོ་ ༢༠ གོང་སྟེ་ཕྱི་ལོ་ ༡༩༩༧ ཟླ་ ༡༡ ཚེས་ ༡༦ ཉིན་༸ཞབས་སོར་བཀའ་དྲིན་བསྐྱངས་འདུག་པ་བཅས།།