༢༠༡༧ ཟླ་ ༡༡ ཚེས་ ༡༤ རེས་གཟའ་མིག་དམར།
༄༅། །བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ལོ་ ༢༠༡༧ ཟླ་ ༡༡ ཚེས་ ༡༤ ནས་ ༡༧ བར་ཉི་ཧོང་གི་རྒྱལ་ས་ཊོག་ཡོར་འཚོགས་བཞིན་པའི་མི་རིགས་འདྲ་མིན་གྱི་གཞོན་སྐྱེས་འགོ་ཁྲིད་ཟབ་སྦྱོང་གི་ཚོགས་འདུར་ Interethnic Interfaith Leadership Conference དམིགས་བསལ་གསུང་འཕྲིན་སྩལ་དོན།
ཁྱེད་རང་ཚོ་དེ་རིང་ཕ་གིར་ཚོགས་འཛོམས་བྱེད་པ་དེར་འཚམས་འདྲི་ཡོད། ལོ་བསྟུད་མར་ཚོགས་འདུ་དེ་འདྲ་ཞིག་ཚོགས་ནས་ཁྱེད་ཚོས་ལྷག་བསམ། སེམས་ཤུགས། སྤྱི་སྨན་གྱི་བསམ་བློ་འཁྱེར་བཞིན་པ་དེར་རྗེས་སུ་ཡི་རངས་དང་བསྔགས་བརྗོད་ཡོད།
སྤྱི་ཡོངས་ཀྱི་འཛམ་གླིང་འདིའི་སྒང་ལ་རྙོག་གྲ་མང་པོ་ཞིག་མི་རང་ཉིད་ཀྱིས་བཟོས་པའི་རྙོག་གྲ་ཞིག་ཆགས་ཡོད། ང་ཚོ་དང་ཁོ་པ་ཚོ་ཞེས་ཕྱོགས་རིས་ལ་བརྟེན་ནས་ཡོང་བཞིན་ཡོད། མི་རིགས་དང་རྒྱལ་ཁབ། ཆོས་ལུགས་མི་འདྲ་བ་ལ་སོགས་པའི་མི་འདྲ་བ་དེ་དག་གི་ཐོག་ནས་ང་ཚོ་དང་ཁོ་པ་ཚོ་ཟེར་རྒྱུ་ཧ་ཅང་ཤུགས་ཆེན་པོ་ཞིག་ཡོང་བཞིན་ཡོད། དེ་ལ་བརྟེན་ནས་རྙོག་གྲ་ཚང་མ་ཡོང་བཞིན་ཡོད། དེར་བརྟེན་རྙོག་གྲ་དེ་དག་སེལ་ཆེད་ང་ཚོས་མི་གཅིག་གྱུར་ཡིན་པའི་ཐོག་ཤུགས་གནོན་སྤྲད་ནས་མི་གཅིག་གྱུར་གྱི་འདུ་ཤེས་དེ་ཤུགས་ཆེ་རུ་འགྲོ་ཐུབ་ན། མི་འདྲ་བ་འདྲ་མིན་ཡོད་པའི་རྒྱུ་མཚན་དུ་བྱས་ནས་གསོད་རེས་ཚུན་ཆད་གཏོང་རྒྱུ་དེ་དག་རིམ་བཞིན་ཉུང་དུ་འགྲོ་ཐུབ། མི་གཅིག་གྱུར་གྱི་འདུ་ཤེས་ཡར་རྒྱས་གཏོང་དགོས་པ་ངོས་ཀྱིས་ཧ་ཅང་གལ་ཆེན་པོར་རྩི་བཞིན་ཡོད། ངོས་རང་གང་དུ་ཕྱིན་ཡང་ངོས་རང་མི་ཞིག་ཡིན་བསམ་པ་མ་གཏོགས་ངོས་རང་ནང་པ་ཞིག་ཡིན། ངོས་རང་བོད་པ་ཞིག་ཡིན། ངོས་རང་ཏཱ་ལའི་བླ་མ་ཡིན་བསམ་པའི་བསམ་བློ་རྩ་བ་ནས་འཁྱེར་གྱི་མེད།
བརྙན་འཕྲིན་གཟིགས་ཆེད་འདིར་སྣོན།
བྱེ་བྲག་ཏུ་རྒྱལ་ཁབ་གཅིག་ནང་མཚོན་ན་དཔེར་ན། རྒྱ་ནག་ནང་ལ་མི་རིགས་ཧ་ཅང་མང་པོ་ཡོད། ཕྱོགས་མཚུངས་རྒྱ་གར་ནང་རྒྱ་གར་ཤར་ལྷོ་ནུབ་བྱང། དབུས་དེ་དག་སྐད་ཡིག་མི་འདྲ་བ་དང་གོམས་གཤིས་ཀྱང་ཕྲན་བུ་མི་འདྲ་བ་ཡོད་པ་དེ་ལྟར་ནའང་། རྒྱ་གར་བ་གཅིག་གྱུར་གྱི་འདུ་ཤེས་འོག་ནས་འདི་ལྟར་གནས་ཡོད། ཡུ་རོབ་སྤྱི་མཐུན་ལ་མཚོན་ནའང་མི་འདྲ་བ་མང་པོ་ཡོད་ཀྱང་ཆེ་ས་ནས་བསམ་བློ་བཏང་། གཅིག་གྱུར་གྱི་བསམ་བློ་བཏང་ནས་འགྲོ་བཞིན་འདུག
རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ལ་མཚོན་ནའང་མི་རིགས་འདྲ་མིན་མང་པོ་ཡོད། དེ་དག་ཚང་མས་གཅིག་གྱུར་གྱི་འདུ་ཤེས་འཛིན་ནས་དངོས་གནས་དྲང་གནས་སྤུན་ཟླ་མི་རིགས། ཞེས་བརྗོད་པ་ལྟར་བྱས་ནས་ང་ཚོས་ཆེ་ས་ནས་བསམ་བློ་བཏང་། སྤྱི་པ་ནས་བསམ་བློ་བཏང་ནས་བྱས་ན་རྒྱ་ནག་ལ་མཚོན་ནའང་མི་དམངས་རང་ལ་ཕན་ཐོགས་ཧ་ཅང་ཡོང་ཐུབ་རྒྱུ་རེད། སྐད་ཡིག་དང་རིག་གཞུང་མི་འདྲ་བ་དེ་ཙམ་རྒྱུ་མཚན་དུ་བྱས་ནས་ཕན་ཚུན་གཅིག་གིས་གཅིག་ལ་ཐག་རིང་པོ་བྱས་ནས་ཡིད་ཆེས་མ་བྱས་པར་བསྡད་ན་ཚང་མར་གྱོང་རེད།
དེར་བརྟེན་དེ་རིང་ཁྱེད་རང་ཚོའི་ཚོགས་འདུ་འདི་མི་རིགས་མི་འདྲ་བ་ཡོད་པ་ཚང་མ་མཐུན་སྒྲིལ་ཡག་པོ་ཡོང་རྒྱུའི་ཆེད་འཚོགས་བཞིན་ཡོད། རྗེས་སུ་ཡི་རངས་ཡོད། ཧ་ཅང་གལ་ཆེན་པོ་རེད། ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་གསུང་འཕྲིན་སྩལ་འདུག
སྤྱིར་ལྷན་ཚོགས་དེ་ནི་རྒྱ་རིགས་རང་དབང་དང་མང་གཙོ་དོན་གཉེར་བ་སྐུ་ཞབས་ཡང་ཅེན་ལི་ཡིས་བཙུགས་པའི་སྤྱི་དམངས་ཀྱི་སྟོབས་ཤུགས། ཞེས་པས་གོ་སྒྲིག་གནང་བ་ཞིག་ཡིན་ཞིང་། ཚོགས་འདུ་དེར་ཨ་རིའི་སྲིད་འཛིན་ཊམ་གྱི་སློབ་སྟོན་པ་ཟུར་པ་སི་ཊེ་ཝི་བྷེན་ནོན་དང་ཉི་ཧོང་གི་གྲོས་ཚོགས་འཐུས་མི་སོགས་གནད་ཡོད་མི་སྣ་ཁག་གཅིག་ཕེབས་པ་མ་ཟད། བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་རྒྱ་ཡིག་ཚན་པའི་འགན་འཛིན་དང་ལས་རོགས་གཅིག་དང་། དེ་བཞིན་ཡུ་གུར་བ་སོགས་རྒྱལ་ཁབ་དྲུག་ཅུ་ལྷག་ནས་མཉམ་ཞུགས་གནང་ཡོད།།