༢༠༡༧ ཟླ་ ༡༡ ཚེས་ ༢ རེས་གཟའ་ཕུར་བུ།
༄༅། །བོད་རྒྱལ་ལོ་ ༢༡༤༤ རབ་གནས་མེ་བྱ་ལོའི་བོད་ཟླ་ ༩ ཚེས་ ༡༣ དང་། ཕྱི་ལོ་ ༢༠༡༧ ཟླ་ ༡༡ ཚེས་ ༢ རེས་གཟའ་ཕུར་བུའི་ཉིན་ལྷར་བཅས་སྲིད་ཞིའི་གཙུག་རྒྱན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གམ་བཅར་རྣམ་རྒྱལ་གྲྭ་ཚང་ཕན་བདེ་ལེགས་བཤད་གླིང་གི་སློབ་གཉེར་ཁང་གསར་པ་རྟེན་དང་བརྟེན་པར་བཅས་པ་ལེགས་གྲུབ་ཟིན་པར་དབུ་འབྱེད་རབ་གནས་བཀའ་དྲིན་བསྐྱངས་ཡོད།
དེ་ཡང་གོང་ཚེས་ཉིན་སྔ་དྲོ་ཆུ་ཚོད་༨། ༣༠ ཐོག་གྲྭ་ཚང་གི་མཁན་རིན་པོ་ཆེ་མཆོག་དང་། བསྟན་འཛིན་མཁྱེན་རབ་རིན་པོ་ཆེ། གྲྭ་ཚང་གི་དགེ་བསྐོས་། ཆོས་ཚོགས་གཉིས་ཀྱི་གཙོ་འཛིན་བཅས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་༸རྒྱལ་བའི་གཟིམ་ཆུང་ནས་སྤྱན་རྒྱ་སྤོས་སྣེས་སྔོན་བསུས། སྐབས་དེར་མགོན་པོ་གང་ཉིད་ཐོག་མར་སློབ་གཉེར་ཁང་གི་ཚོགས་ཁང་དུ་༸ཞབས་སོར་འཁོད་མཚམས་སློབ་མའི་ཉལ་ཁང་དང་། འཛིན་ཁང་། དཔེ་མཛོད་ཁང་བཅས་ལ་གཟིགས་ཞིབ་མཛད།
དེ་རྗེས་ཆུ་ཚོད་ ༨།༤༥ ཙམ་ལ་བཞུགས་ཁྲིར་༸ཞབས་སོར་བདེ་བར་འཁོད་མཚམས་གྲྭ་ཚང་གི་མཁན་རིན་པོ་ཆེ་མཆོག་ནས་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་པ་དང་། དེ་ནས་གྲྭ་ཚང་གི་དབུ་སློབ་བཅས་དགེ་འདུན་བཞི་གྲས་ཤིས་བརྗོད་གསུང་འདོན་གནང་གྲུབ་བསྟུན། རྟེན་འབྲེལ་གསོལ་ཇ་འབྲས་བསིལ་འདེགས་འབུལ་ཞུས།
དེ་ནས་སྔགས་ཀྱི་འཛིན་གྲྭ་དང་། དབུ་ཕར་གྱི་འཛིན་གྲྭ གྲུབ་མཐའི་འཛིན་གྲྭ བློ་རྟགས་འཛིན་གྲྭ རིགས་ལམ་འཛིན་གྲྭ སྔོན་འགྲོའི་འཛིན་གྲྭ་བཅས་ནས་སྐར་མ་ ༥ རེ་རྟགས་གསལ་སྤྱན་འབུལ་ཞུས་རྗེས། འཛིན་གྲྭ་དྲུག་པ་དང་བདུན་པ་གཉིས་ནས་བརྟན་བཞུགས་གསོལ་འདེབས་བསྐལ་བཟང་ཉི་གཞོན་བསུ་བའི་ཕོ་ཉ་གསུང་འདོན་ཞུས། འཛིན་གྲྭ་དགུ་པའི་སློབ་གཉེར་བ་རྣམས་ནས་རིག་གནས་ཐོག་རྟགས་གསལ་དང་འཛིན་རིན་བཅུ་པའི་སློབ་གཉེར་བ་རྣམས་ཀྱིས་ཨང་རྩིས་ཐོག་རྟགས་གསལ་སྤྱན་བསྟར་ཞུས།
དེ་རྗེས་ཤེས་ཡོན་ལྷན་ཚོགས་ཀྱི་འགན་འཛིན་དང་སློབ་གཉེར་ཁང་གི་སློབ་སྤྱི་ཐུབ་བསྟན་ཡར་འཕེལ་ལགས་ནས་གྲྭ་ཚང་གི་ཤེས་ཡོན་སློབ་སྦྱོང་གི་འཕེལ་རིམ་དང་། སློབ་གཉེར་ཁང་གསར་པའི་གནས་སྟངས་བཅས་ཀྱི་སྐོར་ངོ་སྤྲོད་ལྷན་སྙན་སྒྲོན་འབུལ་ཞུས། ཆུ་ཚོད་ ༡༠། ༡༠ ཡས་མས་ཙམ་ལ་གམ་བཅར་རྣམ་རྒྱལ་གྲྭ་ཚང་ཕན་བདེ་ལེགས་བཤད་གླིག་གི་མཁན་རིན་པོ་ཆེ་མཆོག་ནས་རྣམ་རྒྱལ་གྲྭ་ཚང་སློབ་གཉེར་ཁང་འདི་ལྟ་བུ་གསར་སྐྲུན་གནང་བའི་དགོས་དམིགས་དང་། མ་འོངས་ཞུ་སྒོ་བཅས་ཀྱི་ཐོག་གསུང་བཤད་གནང་རྗེས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གསུང་བཤད་གནང་དོན།
དེ་རིང་གཙོ་བོ་གམ་བཅར་ཕན་བདེ་ལེགས་བཤད་གླིང་གི་མཁན་རིན་པོ་ཆེ་མཆོག་གིས་དབུས་དགེ་འདུན་བགྲེས་གཞོན་བར་གསུམ་དང་། དེ་བཞིན་གྲྭ་ཚང་གི་སློབ་གཉེར་ཁང་གི་འཛིན་གྲྭ་ཐོག་རྩེག་ཅན་ཞིག་འཛུགས་སྐྲུན་བྱེད་རྒྱུའི་སླད་དཔལ་འབྱོར་དང་སེམས་ཤུགས་ཐོག་ནས་རྒྱབ་སྐྱོར་གནང་མཁན་སྦྱིན་བདག་མང་པོ་ཞིག་དེ་རིང་འདིར་སླེབ་ཡོད།
ཨི་ཊ་ལི་ནས་མི་གང་ཙམ་སླེབ་ཡོད། དེ་བཞིན་ཝི་ཏི་ནམ་ནས་མི་གང་ཙམ་ཡོད། འདི་གའི་གྲྭ་རྒྱུན་ཕྲུ་གུ་དང་འབྲེལ་བ་ཡོད་པའི་ཕ་མ་སྤུན་མཆེད་མང་པོ་ཞིག་མོན་ཡུལ་ནས་འབྱོར་འདུག དེ་དང་དེ་འདྲ་བའི་འབྲེལ་ཡོད་ཁྱེད་རང་ཚོ་གང་ཙམ་ཞིག་འདིར་སླེབ་ཡོད། བཙན་བྱོལ་སྒྲིག་འཛུགས་ཀྱི་འབྲེལ་ཡོད་རྣམ་པ། དེ་རིང་ང་ཚོ་འདིར་བཀྲ་ཤིས་པའི་ཉི་མ་ཞེས་ཚིག་བཟང་པོ་བཤད་པ་ཙམ་མིན་པར་ལག་ལེན་ངོ་མའི་ཐོག་ནས་གྲུབ་འབྲས་བཟང་པོ་ཞིག་དངོས་སུ་མཐོང་རྒྱུ་ཡོད་པ་བྱུང་ཡོད།
དེ་ཡང་ཆགས་སྡང་གོང་འཕེལ་འགྲོ་རྒྱུའི་ལས་འགུལ་མིན་པར་བྱམས་བརྩེ་གོང་འཕེལ་འགྲོ་རྒྱུའི་ལས་འགུལ་ཆགས་ཀྱི་ཡོད། དངོས་སུ་ཕན་བདེ་ལེགས་བཤད་གླིང་གི་གྲྭ་རྒྱུན་སྦར་མོ་གང་རེད། འོན་ཀྱང་ང་ཚོ་ཚང་མ་འཛམ་གླིང་ནང་གི་མི་དུང་ཕྱུར་བདུན་ཅུའི་ཆ་ཤས་ཆགས་ཡོད། ད་ལྟ་འཛམ་གླིང་འདི་དོན་དངོས་བྱམས་རྩེའི་ཕོང་ནས་དྲང་བདེན་དང་ཡ་རབས་ཟེར་རྒྱུ་དེ་དག་ཕོང་ཡོད།
ཁས་ཉིན་གྱི་སྔ་དྲོར་ངོས་རང་ཡར་ལངས་བ་དང་འདི་ལྟར་བསམ་བློ་འཁོར་བྱུང་། ངོས་རང་ཆུ་ཚོད་དགུའི་རིང་ཞི་བདེ་བག་ཕེབས་ངང་གཉིད་ཉལ་བ་རེད། དུས་ཡུན་དེའི་རིང་འཛམ་གླིང་འདིའི་སྟེང་ང་ཚོ་མི་གཅིག་གྱུར་ཡིན་པ་ཇི་ཙམ་བསད་ཡོད། མུ་གེའི་ཇི་ཙམ་ཤི་ཡོད། ལྷག་པར་ཕྲུ་གུ་ཆུང་ངུ་དེ་འདྲ་བྱམས་བརྩེས་ཕོང་ནས་མུ་གེའི་འཆི་བ་དེ་འདྲ་ཡོང་གི་འདུག ངོས་རང་ཧ་ཅང་སེམས་པ་སྐྱོ་བྱུང་། འོན་ཀྱང་བྱ་ཐབས་གང་ཡང་མེད། མི་ཡིན་པ་གཅིག་པ་རེད། འཛམ་གླིང་སྤྱིའི་སྟེང་གནས་ཡོད། མིས་མིར་བརྩེ་བ་མེད་པ་ནི་ཧ་ཅང་ཐབས་སྐྱོ་བོ་རེད།
དུད་འགྲོར་རྣམ་དཔྱོད་ཀྱི་ཀླད་པ་མེད་སྟབས་རྒྱ་ཆེན་པོའི་བསམ་བློ་གཏོང་མི་ཐུབ། འོན་ཀྱང་སོ་སོའི་ཁོར་ཡུག་དེ་དག་གཅིག་གིས་གཅིག་ལ་བརྩེ་བ་བྱེད་རྒྱུ་དེ་འདྲ་ཡོང་གི་འདུག ང་ཚོ་མིས་གཅིག་གིས་གཅིག་ལ་བརྩེ་བ་བྱ་རྒྱུའི་ཚབ་ཏུ་གཅིག་གིས་གཅིག་ལ་ཐུབ་ཚོད་བཤད། མགོ་སྐོར་བཏང་། ཐབས་ཧ་ཅང་སྐྱོ་པོ་འདུག བྱ་རྒྱུ་གང་ཡང་མི་འདུག སྨོན་ལམ་རྒྱག་རྒྱུ་ཙམ་རེད། སྨོན་ལམ་བརྒྱབ་ནས་ཐད་ཀར་ནུས་པ་གང་ཡང་ཐོན་གྱི་མི་འདུག
དེར་བརྟེན་གཞི་རྩའི་མིའི་ལྷན་སྐྱེས་རང་བཞིན་ནི་བྱམས་བརྩེའི་རང་བཞིན་ཡིན་པ་ཚན་རིག་པས་ཤོད་བཞིན་ཡོད། ང་རང་ཚོའི་ཉམས་མྱོང་ཐོག་ནས་བཤད་ནའང་འདི་བརྒྱ་ཆ་བརྒྱ་ཐམ་པ་ཚོད་ཐིག་པ་རེད། ང་ཚོ་ཤེས་ཡོན་སྤྲོད་སྟངས་ཐོག་ནས་ཕྱི་དངོས་པོའི་ཡར་རྒྱས་ཁོ་ནར་དམིགས་པའི་ཤེས་ཡོན་ཐོག་ནས་ཡར་འཚར་ལོང་བྱས་པ་དེའི་ཤུགས་རྐྱེན་འོག་རིམ་པས་སྤྱི་ཚོགས་ཁོ་རང་ཕྱི་དངོས་པོའི་མཐུན་རྐྱེན་ཁོ་ན་དོན་གཉེར་བྱེད་མཁན་གྱི་སྤྱི་ཚོགས་ཤིག་ཆགས་འདུགདེ་འདྲའི་འོག་ནས་དཀའ་ངལ་ཞིག་འཕྲད་ཀྱི་ཡོད།
དེར་བརྟེན་ང་ཚོས་གང་ཐུབ་བྱམས་བརྩེ་གོང་འཕེལ་ཡོང་བའི་འབད་བརྩོན་གནང་དགོས། སྤྱིར་འཛམ་གླིང་འདིའི་སྟེང་ཆོས་ལུགས་ཚང་མས་བྱམས་བརྩེ་གསུང་བཞིན་ཡོད། ཧ་ཅང་ཡག་རེད། གཞན་ལ་ཕན་བཞིན་ཡོད། བྱམས་བརྩེ་གོང་མཐོར་སྤེལ་རྒྱུ་ནི་གཙོ་བོ་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་ལ་བརྟེན་ནས་བྱམས་བརྩེ་གོང་འཕེལ་གཏོང་རྒྱུ་ཞེས་པ་ནི་ལྟ་གྲུབ་དང་འབྲེལ་ཡོང་གི་ཡོད།
དེར་བརྟེན་ཆོས་ལུགས་ཚང་མ་བྱམས་བརྩེ་གསུང་མཁན་གཅིག་པ་རེད། བཟོད་པའི་ཉམས་ལེན། ཆོག་ཤེས་ཉམས་ལེན་གསུང་མཁན་གཅིག་པ་ཡིན་ནའང་ལྟ་གྲུབ་ཐོག་ནས་ཆགས་སྡང་གི་སྡུག་བསྔལ་བཟོ་གི་ཡོད་པ། ཆགས་སྡང་གི་རྩ་བ་གཏི་མུག་ཡིན་པ། གཏི་མུག་ཟེར་རྒྱུ་ནི། ལོག་ཤེས་ཡིན་པ། འདི་བློར་སྣང་བ་ནང་བཞིན་དོན་གྱི་ངོས་ནས་ཡོད་པ་ཞིག་ཚུལ་མིན་ཡེ་བྱེད་ཀྱིས་རྣམ་རྟོག་བསྐྱེས་ནས་ཉོན་མོངས་ཆགས་སྡང་སྐྱེ་བཞིན་ཡོད་པ་ཧ་ཅང་གསལ་པོ་ངོ་སྤྲོད་བྱེད་བཞིན་པར་བརྟེན། དོན་བཞིན་གཟིགས་ནས་ལེགས་གསུང་པ། །ཁྱོད་ཀྱི་རྗེས་སུ་སློབ་པ་ལ། །རྒུད་པ་ཐམས་ཅད་རིང་དུ་གྱུར། །ཉེས་ཀུན་རྩ་བ་ལྡོག་ཕྱིར་རོ། །ཁྱོད་ཀྱི་བསྟན་ལས་ཕྱིར་ཕྱོགས་པས། །ཡུན་རིང་ངལ་བ་བསྟེན་བྱས་ཀྱང་། །ཕྱི་ཕྱིར་སྐྱོན་རྣམས་བོས་པ་བཞིན། བདག་ཏུ་ལྟ་བ་བརྟན་ཕྱིར་རོ། །ཞེས་བདག་ཏུ་ལྟ་བའི་འཛིན་པའམ་ལྟ་བ་དེས་འཕུང་བཞིན་ཡོད་པ་དང་། དེའི་གཉེན་པོར་བདག་མེད་པའི་ལྟ་བ། ཞེས་ནང་པ་སངས་རྒྱས་པ་ཁོ་ནས་མ་གཏོགས་གཞན་སུ་གཅིག་གིས་གསུང་མེད།
ཆོས་ལུགས་ཚང་མས་མིར་ཕན་གྱི་ཡོད། གུས་བཀུར་འོས་པ་རེད། ངོ་མཚར་སྐྱེ་འོས་པ་རེད། ལྟ་གྲུབ་ཐོག་ནས་སེམས་ཁམས་རིག་པ་དང་མར་འབྲེལ་ཡོང་དུས་ལྟ་གྲུབ་ཐོག་ནས་བསམ་བློ་གཏོང་བ་ཡིན་ན། སངས་རྒྱས་པའི་ཆོས་འདི་མི་འདྲ་བ་ཞིག་རེད་འདུག དེའི་ནང་ནས་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་ནི་གཞན་དང་མི་འདྲ་བ་ཞིག་རེད།
ང་ཚོ་བོད་པར་ཆ་བཞག་ན་ཆོས་རྒྱལ་བཀའ་དྲིན་ཅན་ཚོའི་ཐུགས་རྗེ་དང་སྨོན་ལམ། ཐབས་མཁས་བཅས་ཀྱི་མཛད་འཕྲིན་ལ་བརྟེན་ནས་ང་ཚོ་བོད་མི་རིགས་འདི་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་འཛིན་མཁན་དམིགས་བསལ་བ་ཆགས་ནས་དེང་སྐབས་ང་ཚོ་བཙན་བྱོལ་བ་ཆགས།བོད་རྒྱ་ཆེ་མི་མང་དེ་དག་དཀའ་ངལ་འོག་གནས་ཏེ་ཧ་ཅང་སྐྱོ་བོ་རེད། འོན་ཀྱང་འཛམ་གླིང་འདིའི་སྟེང་ཆོ
དེར་བརྟེན་ང་ཚོ་བཙན་བྱོལ་ལ་ཡོད་པའི་བོད་མི་སེར་སྐྱ་དབྱེ་བ་མེད་པར་ཚང་མས་ང་རང་ཚོའི་རིག་གཞུང་དང་། ང་རང་ཚོའི་ལོ་སྟོང་ཕྲག་རིང་གི་གོམས་གཤིས། སོ་སོའི་མི་རིགས་ཀྱི་ཁྱད་ཆོས་ཐོན་པ་ཞིག་དང་མི་རིགས་ཀྱི་རྣམ་པ་ཐོན་པ་ཞིག མི་རིགས་སྤོབས་པ་བྱེད་དགོས་པ་ཞིག་ཆགས་ཡོད། ང་ཚོ་བཙན་བྱོལ་ལ་འདུག་མཁན་བོད་མི་ཚང་མས་འདས་པའི་ལོ་ལྔ་བཅུ་ང་བརྒྱད་ལྷག་རིང་ཧུར་ཐག་གནང་ཡོད།
སྐབས་སུ་བབ་པ་ཕན་བདེ་ལེགས་བཤད་གླིང་འདི་མཁན་པོས་གསུངས་པ་ལྟར་༸རྒྱལ་བ་རིན་པོ་ཆེའི་གམ་བཅར་ཞེས་དམིགས་བསལ་གྱིས་འབྲེལ་བ་ཡོད་པ་ཞིག་ཡིན། གདན་སར་མཚོན་ན་སོ་སོའི་དེ་སྔའི་འགྲོ་སྟངས་ལ་བསྟུན་དགོས་པ་རེད་མ་གཏོགས་ངོས་ནས་ལམ་སེང་བསྒྱུར་བཅོས་གཏོང་བ་ལ་དཀའ་ངལ་འདུག ཁྲི་རིན་པོ་ཆེ་སོགས་དབུ་ཁྲིད་ཚང་མར་ངོས་ནས་ཞུ་བཞིན་ཡོད། ང་ཚོའི་འཆར་ཅན་གྱི་འགྲོ་སྟངས་འདིས་ལྡང་གི་འདུག་གམ་མི་འདུག བསམ་བློ་བཏང་ནས་དངོས་ཡོད་གནས་ཚུལ་ལ་རན་དང་མ་རན། འཐུས་སྒོ་ཚང་དང་མ་ཚང་བསམ་བློ་བཏང་ནས་འགྲོ་དགོས་ཀྱི་འདུག་ཅེས་ཞུ་བཞིན་ཡོད། ལོ་རྗེས་མ་རྡོ་རྗེ་གདན་ལ་འཛོམས་ཀྱི་རེད། དེ་དུས་བཀའ་མོལ་ཞུ་བའི་རྩིས་དང་བཀའ་མོལ་ཡོང་ཡང་ཡོང་གི་རེད། དེ་ལྟར་འགྲོ་བཞིན་ཡོད། གམ་བཅར་ཕན་བདེ་ལེགས་བཤད་གླིང་ཞེས་༸རྒྱལ་བ་རིན་པོ་ཆེའི་འཁྲིས་ལ་ཡོད་པས་ཡར་ལ་སྐྱེལ་བ་དང་མར་ལ་ཕབ་པ་གང་ཡིན་ཀྱང་ངའི་ལག་པར་ཡོད་པ་རེད། ཅེས་སོགས་བཞད་མོ་དང་འབྲེལ་བཀའ་སློབ་སྩལ་བ་དང་།
གཞན་ཡང་། དུས་འཁོར་གྱི་ཐིག་དང་རྡུལ་མཚོན་སྐོར་ནས་གྲྭ་ཚང་འདི་ཕལ་ཆེར་ཁུངས་གཏུགས་ས་ཆགས་ཡོད་པའི་སྐོར་དང་། སློབ་གཉེར་མ་བྱས་པ་ལ་རྐྱེན་བྱས་ཏེ་འཐུས་ཤོར་འགྲོ་བཞིན་ཡོད་པས་ཕན་བདེ་ལེགས་བཤད་གླིང་ལ་སྔོན་ལ་མཚན་ཉིད་ལ་ལྟ་དགོས་པའི་འབོད་སྐུལ་ཞུས་པ་ཡིན། དགོན་པ་ཆེ་ཆུང་གང་ཡིན་ཀྱང་ཤེས་ཡོན་གྱི་ལྟེ་གནས་ཤིག་ཆགས་དགོས་པ་དང་། གདན་སར་མཚོན་ནའང་སྒྲུབ་གྲྭ་༼སྒོམ་གྲྭ།༽ཞིག་བཟོས་དགོས་ཀྱི་འདུག་ཅེས་ཞུས་ཡོད། གམ་བཅར་རྣམ་རྒྱལ་གྲྭ་ཚང་དེ་ངོས་རང་ལ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། གསོན་པའི་སྐབས་ལ་གསོན་གཡོག་ཆགས་ཡོད། ཅེས་སོགས་བཀའ་སློབ་སྩལ།
དེ་རྗས་རྣམ་རྒྱལ་གྲྭ་ཚང་སློབ་གཉེར་ཁང་གསར་སྐྲུན་གྱི་དད་ལྡན་སྦྱིན་བདག་གཙོ་བོ་མཁན་རིན་པོ་ཆེ་མཆོག་དང་། བསྟན་འཛིན་མཁྱེན་རབ་རིན་པོ་ཆེ། ཆོས་ཚོགས་གཉིས། སྦྱིན་བདག་ཆེ་ཁག་ཉི་ཤུ་སྐོར་བཅས་ལ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུ་དྲུང་ནས་ཐུགས་རྗེ་ལེགས་འབུལ་གྱི་དད་རྟེན་གསོལ་སྩལ་བཀའ་དྲིན་ཆེ་གནང་མཛད།
དེ་ནས་གྲྭ་ཚང་གི་འཛིན་སྐྱོང་དྲུང་ཆེ་སྐུ་ཞབས་བསྟན་འཛིན་ཕྱོགས་གླིང་ལགས་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་། དམིགས་བསལ་སྐུ་མགྲོན། དད་ལྡན་སྦྱིན་བདག་དང་བཅས་པར་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སྟེ་མཛད་སྒོ་ལེགས་པ་གྲོལ་ཡོད།
གཞི་རྩའི་༸སྐུ་བཅར་རྣམ་རྒྱལ་གྲྭ་ཚང་ནི་ཐོག་མར་༸རྒྱལ་དབང་སྐུ་ཕྲེང་གཉིས་པ་༸རྗེ་དགེ་འདུན་རྒྱ་མཚོ་མཆོག་གིས་ཕྱི་ལོ་ ༡༥༠༩ ལོར་ཕྱག་བཏབ་པ་ཞིག་ཡིན་ཞིང་། ཕྱིས་སུ་བཙན་བྱོལ་ནང་དུ་ཕྱི་ལོ་ ༡༩༦༢ ལོར་བྱེས་ཀྱི་རྣམ་གྲྭ་གསར་འཛུགས་་མཛད་པ་དང་། ལྷག་པར་ཕྱི་ལོ་ ༡༩༧༠ ལོ་ནས་བཟུང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དགོངས་བཞེད་ལྟར་གྲྭ་ཚང་དེར་མཚན་ཉིད་སློབ་གཉེར་གནང་རྒྱུའི་སྲོལ་གཏོད། ད་ཆ་སློབ་གཉེར་བའི་ཞལ་གྲངས་ ༡༣༠ ཙམ་ཡོད་འདུག་པ་བཅས།།