༢༠༡༧ ཟླ་ ༡༠ ཚེས་ ༡༢ རེས་གཟའ་ཕུར་བུ།
༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་རྣམས་བོད་མིའི་འདུ་སྡོད་གཞིས་ཆགས་ཁག་ལ་ཕྱོགས་བསྐྱོད་ཕེབས་རྒྱུའི་ས་བགོས་ཡོད་པ་ལྟར། སྤྱི་འཐུས་བསམ་གཏན་ཆོས་སྒྲོན་མཆོག་ཕྱི་ལོ་ ༢༠༡༧ ལོའི་ཟླ་ ༧ ཚེས་ ༢༧ ནས་ཟླ་ ༨ ཚེས་ ༡༤ བར་རྒྱ་གར་བྱང་ཕྱོགས་ཇ་མུ་ཀ་ཤི་མིར་མངའ་སྡེའི་ནང་རྟེན་གཞི་བྱས་པའི་ལ་དྭགས་སླེ་བྱང་ཁྱབ་ཁོངས་བོད་མིའི་སྡོད་སྒར་ཁག་ལ་གཞུང་འབྲེལ་ཕྱོགས་བསྐྱོད་ལེགས་པར་གྲུབ་སྟེ་ཟླ་ ༨ ཚེས་ ༡༤ ཉིན་བཞུགས་གནས་སྦེལ་ཀོབ་ལ་ཕེབས་འབྱོར་གནང་ཡོད་འདུག
དེ་ཡང་སྤྱི་འཐུས་མཆོག་ཕྱི་ཟླ་ ༧ ཚེས་ ༢༥ ཉིན་སྦེལ་ཀོབ་ནས་ལྡི་ལིར་ཕེབས་ཐོན་གནང་བ་དང་། ཕྱི་ཚེས་ ༢༧ ཉིན་ལྡི་ལི་ནས་ལ་དྭགས་སུ་ཕེབས་ཐོན་གྱིས་སླེ་གནམ་ཐང་དུ་འབྱོར་འཕྲལ་ས་གནས་བྱང་ཐང་གི་འབྲེལ་མཐུད་པ་དོན་གྲུབ་རྒྱལ་པོ་ལགས་དང་། ས་གནས་ཁྲིམས་དྲུང་པདྨ་བཟང་པོ་ལགས། ས་གནས་འཐུས་མིའི་ཚོགས་གཙོ་ཆུང་གྲགས་ལགས་ཀྱིས་སྣེ་ལེན་ཕེབས་བསུ་གནང་ཡོད་པ་མ་ཟད་བསོད་ནམས་གླིང་འགོ་འཛིན་ལས་ཁུངས་སུ་ཕེབས་འབྱོར་མཚམས་དགོན་སྡེ་ཁག་གི་སྐུ་ཚབ་དང་། རང་བདེན་ཚོགས་ཆུང། ཆོལ་ཁ་གསུམ་གྱི་སྐུ་ཚབ། བརྒྱ་དཔོན་སོགས་ཀྱིས་ཕེབས་བསུ་གནང་ཡོད་འདུག
ཟླ་ ༧ ཚེས་ ༢༨ ཉིན་ནས་ས་གནས་ཁག་གི་ལས་རིམ་དབུ་འཛུགས་ཀྱིས་ཐོག་མར་ལ་དྭགས་བསོད་ནམས་གླིང་གཞིས་ཆགས་ཀྱི་གཞིས་གྲོང་ཁག་གི་སྤྱི་ཁང་དུ་སྤྱི་མི་དང་། བཅུ་དཔོན། གྲོང་སྡེའི་གནད་ཡོད་མི་སྣ་ཁག་དང་ལྷན་འཛོམས་ཀྱིས་གོ་བསྡུར་ལྷུག་པོ་གནང་རྗེས། ས་གནས་ཀྱི་ལས་འཆར་ཁག་དང་། ཞིང་ཁ་དང་ཆུ་ཡུར། ཡུལ་མི་དང་ས་ཆ་དཀའ་ངལ་ཡོད་ས་ཁག ཨག་ལིང་འཕྲོད་བསྟེན་སྨན་ཁང་དང་། ས་གནས་སྨན་རྩིས་ཁང་། སླེའི་སྨན་རྩིས་ཁང་བཅས་ལ་གཟིགས་བསྐོར་གནང་ཡོད་འདུག དེ་ནས་ལ་དྭགས་བྱང་ཐང་ཁུལ་གྱི་ཆུ་ཤུལ་ས་གནས་དང་། ཉོ་མ། རྒོད་ཡུལ། ཧན་ལེ། མ་ཁྱུ། བཀག་གཞུང་། སུམ་མདོ། ཆུ་མུར། ས་སྨད་བཅས་ས་གནས་ཁག་དགུ་ལ་ཕེབས་ཏེ་བོད་མིའི་སྡོད་ཁང་དང་ས་ཞིང་། བོད་ཁྱིམ་སློབ་གྲྭ་ཁག དེ་བཞིན་ལ་དྭགས་བསོད་ནམས་གླིང་གཞིས་ཆགས་ཀྱི་ས་གནས་རང་བདེན་ཚོགས་ཆུང་གི་ལས་ཁུངས། ས་གནས་ཁྲིམས་ཞིབ་ཁང་། ས་གནས་འཐུས་ཚོགས་ལས་ཁུངས། མཉམ་འབྲེལ་ལས་ཁུངས། ས་གནས་སྨན་ཁང་ཁག བོད་ཁྱིམ་སློབ་གྲྭའི་ལས་ཁུངས་ཁག་དང་འཛིན་ཁང། སྨན་ཁང་། དཔེ་མཛོད་ཁང་། ཉལ་ཁང་། གསོལ་ཐབ་ཁང། བོད་ཁྱིམ་རྒས་གསོ་ཁང་། ལ་དྭགས་ནང་པའི་ཆོས་ཚོགས་སོགས་ལ་གཟིགས་བསྐོར་གནང་བ་དང་། མི་མང་དང་སློབ་ཕྲུག་མཇལ་འཕྲད། དེ་མཚུངས་ས་གནས་ཁག་གི་གནས་སྟངས་རྒྱུས་ལོན་གནང་ཡོད་འདུག
གཟིགས་བསྐོར་ཕྱོགས་ཕེབས་སྐབས་ས་གནས་སོ་སོའི་མི་མང་གི་བསམ་ཚུལ་བསྡུ་ལེན་དང་། བཞུགས་མོལ་ཚོགས་འདུ་ཐེངས་ ༡ ། སློབ་ཕྲུག་དང་མི་མང་འདུ་འཛོམས་ཐོག་སྤྱི་འཐུས་མཆོག་ནས་གསུང་བཤད་ཐེངས་ ༨ ཙམ་གནང་ཡོད། ཐེངས་འདིའི་སློབ་ཕྲུག་དང་མི་མང་འདུ་འཛོམས་སྐབས་སོ་སོར། སྤྱི་འཐུས་མཆོག་ནས་གཙོ་བོ་རང་ཅག་གངས་ཅན་པ་ཡོངས་ཀྱི་མགོན་སྐྱབས་བླ་ན་མ་མཆིས་པ་འཛམ་གླིང་ཞི་བདེའི་དེེད་དཔོན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཕྲིན་དང་། ཐུགས་བརྩེའི་བཀའ་སློབ་གང་གནང་གི་ཡོད་པའི་སྐོར། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་ལངས་ཕྱོགས། བོད་ནང་གི་ཛ་དྲག་གནས་སྟངས། བོད་ཕྱི་ནང་གཉིས་ཀྱི་གནས་བབ། བཙན་བྱོལ་བོད་མིའི་མང་གཙོའི་སྒྲོམ་གཞི་དང་འཕེལ་རིམ་སོགས་ཀྱི་ཐོག་གསུང་བཤད་དང་དྲི་བར་ལན་འདེབས་གནང་འདུག
ལྷག་པར་དུ་ཐེངས་འདིའི་གཟིགས་བསྐོར་སྐབས་ལ་དྭགས་ནང་གི་ཨ་མ་ཚོགས་པ་དང་། ལ་དྭགས་ཡུལ་མིའི་གཞོན་ནུ་ཚོགས་པའི་པརྒྱུན་ལས་རྣམས་དང་མཇལ་འཕྲད་ཀྱིས་བོད་པའི་གནས་སྟངས་སྐོར་ལ་གོ་བསྡུར་ལྷུག་པོ་གནང་ཡོད་འདུག
དེ་བཞིན་སློབ་ཕྲུག་དང། མི་མང་། ཁོངས་སོ་སོ་ནས་དཀའ་སེལ་མཇུག་སྐྱོང་དགོས་རིགས་སྙན་ཞུ་དང་། ཉམ་ཐག་གི་གནས་ཚུལ་རྒྱུས་ལོན་དང་དཀའ་སེལ་མཇུག་སྐྱོང་། དགོན་སྡེ་ཁག་དང་། མི་མང་། སློབ་གྲྭ མཐོ་སློབ་སོགས་ཀྱི་གནས་སྟངས་ཐོག་གཟིགས་ཞིབ་གནང་ཆེད་ཕར་ཕེབས་ཚུར་འོང་ཐེ་བའི་ཁྱོན་ཉིན་གྲངས་ ༢༡ ཙམ་གྱི་གཞུང་འབྲེལ་ཕྱོགས་བསྐྱོད་ཀྱི་ལས་དོན་ཡོངས་སུ་གྲུབ་པ་གནང་ཡོད་འདུག ད་རེས་སྤྱི་འཐུས་མཆོག་ས་བགོས་ལྟར་ཕྱོགས་བསྐྱོད་ཕེབས་རིང་ས་གནས་སོ་སོ་ནས་བདེ་སྡུག་ཞུས་ཁག་ལ་འབྲེལ་ཡོད་ལྷན་ཁང་སོ་སོས་དཀའ་སེལ་དགོངས་བཞེས་དང་འབྲེལ་བའི་ཕྱག་བསྟར་མཇུག་སྐྱོང་གནང་དགོས་རིགས་རྣམས་དོན་གནད་རེ་རེ་བཞིན་སྤྱི་འཐུས་རྒྱུན་ལས་བརྒྱུད་འཛིན་སྐྱོང་བཀའ་ཤག་ཏུ་འབུལ་ལམ་ཞུ་རྒྱུ་ཡིིན་པ་བཅས་ཀྱི་གནས་ཚུལ་སྙིང་བསྡུས་སུ།།