༢༠༡༧ ཟླ་ ༡༠ ཚེས་ ༡༩ རེས་གཟའ་ཕུར་བུ།
༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་རྣམས་བོད་མིའི་འདུ་སྡོད་གཞིས་ཆགས་ཁག་ལ་ཕྱོགས་བསྐྱོད་ཕེབས་རྒྱུའི་ས་བགོས་ཡོད་པ་ལྟར། སྤྱི་འཐུས་ཙ་ནེ་ཚང་དོན་འགྲུབ་བཀྲ་ཤིས་ལགས་དང་སྤྱི་འཐུས་བཀྲ་ཤིས་དོན་གྲུབ་ལགས་རྣམ་གཉིས་ཕྱི་ལོ་ ༢༠༡༧ ལོའི་ཟླ་ ༨ ཚེས་ ༡༢ ནས་ཟླ་ ༩ ཚེས་ ༣ བར་བལ་ཡུལ་རྒྱལ་ས་ཁུལ་དང་། ཤ་ཝ་ར་གསུམ་བོད་མིའི་གཞིས་ཆགས་བཅས་སུ་གཞུང་འབྲེལ་ཕྱོགས་བསྐྱོད་ལེགས་པར་གྲུབ་སྟེ་སྤྱི་འཐུས་ཙ་ནེ་ཚང་དོན་འགྲུབ་བཀྲ་ཤིས་ལགས་ཕྱི་ཟླ་ ༩ ཚེས་ ༧ ཉིན་རྡ་སར་ཕེབས་འབྱོར་གནང་ཡོད།
དེ་ཡང་སྤྱི་འཐུས་ཙ་ནེ་ཚང་དོན་འགྲུབ་བཀྲ་ཤིས་ལགས་ཕྱི་ཟླ་ ༨ ཚེས་ ༡༢ ཉིན་རྡ་ས་ནས་ལྡི་ལི་བརྒྱུད་བལ་ཡུལ་ལ་ཕེབས་ཐོན་གནང་སྟེ། ཕྱི་ཚེས་ ༡༥ ཉིན་བལ་ཡུལ་རྒྱལ་ས་ཀ་ཐ་མན་གྲུར་ཕེབས་འབྱོར་གནང་བ་དང་། དེ་ནས་བལ་ཡུལ་དུ་བཅའ་ཞུགས་སྤྱི་འཐུས་བཀྲ་ཤིས་དོན་གྲུབ་ལགས་དང་མཉམ་འཛོམས་བྱུང་རྗེས། བལ་ཡུལ་བོད་མིའི་སྐུ་ཚབ་འབྲེལ་མཐུད་པ་ཚུལ་ཁྲིམས་རྒྱ་མཚོ་ལགས་དང་དྲུང་ཆེ་མིག་དམར་རྡོ་རྗེ་ལགས། ཤ་ཝ་ར་གསུམ་གྱི་ས་གནས་འགོ་འཛིན་ཀརྨ་རྒྱལ་མཚན་ལགས་བཅས་ཀྱིས་ཕེབས་བསུའི་སྣེ་ལེན་ཞུས་གནང་བ་དང་། དེ་བཞིན་བལ་ཡུལ་མཆོད་འཇོར་དང་། རྒྱལ་ས་འཕགས་ཤིང་། འཇོ་ལ་ཁེལ་བསམ་གྲུབ་གླིང་གཞིས་སྒར་བཅས་སུ་ཕེབས་སྐབས་ཀྱང་ཁུལ་སོ་སོའི་ས་གནས་འགོ་འཛིན་སོགས་ཀྱིས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་གནང་ཡོད་འདུག
ཕྱི་ཟླ་ ༨ ཚེས་ ༡༧ ཉིན་ནས་ས་གནས་ཁག་གི་ལས་རིམ་དབུ་འཛུགས་ཀྱིས་ཐོག་མར་ཤབ་རུར་ཡོད་པའི་བོད་བལ་ས་མཚམས་སྐྱིད་གྲོང་འགག་སྒོར་གཟིགས་བསྐོར་གནང་ཡོད་པ་དང་། དེ་ནས་ཐང་པོ་ཆེའི་ཁྱིམ་ཚང་རེ་རེ་བཞིན་གཟིགས་ཞིབ་གནང་གྲུབ་མཚམས་ར་སུ་ཝ་དགེ་རྒྱས་གླིང་གཞིས་ཆགས་ནང་གཟིགས་བསྐོར་གནང་ཡོད།
ཕྱི་ཚེས་ ༡༩ ཉིན་ནས་མུ་མཐུད་ལས་རིམ་ལྟར། ཤར་ཁུམ་བདེ་ལེགས་གླིང་བོད་མིའི་གཞིས་ཆགས་ཀྱི་བོད་མིའི་སྡོད་སྒར་ཁག་དང་། ས་གནས་སློབ་གྲྭར་གཟིགས་བསྐོར་གནང་རྗེས། བལ་ཡུལ་མཆོད་འཇོར་དང་། རྒྱལ་ས་འཕགས་ཤིང་། དེ་བཞིན་འཇོ་ལ་ཁེལ་བསམ་གྲུབ་གླིང་གཞིས་ཆགས་བཅས་སོ་སོའི་ས་གནས་འགོ་འཛིན་ཁྱབ་ཁོངས་བོད་མིའི་སྡོད་སྒར་ཁག་དང་། སློབ་གྲྭ་ཁག རིས་མེད་དགོན་སྡེ་ཁག རྒས་གསོ་ཁང་། ས་གནས་འཕྲོད་བསྟེན་སྨན་ཁང་། ས་གནས་སྨན་རྩིས་ཁང་། ས་གནས་འགོ་འཛིན་ལས་ཁུངས། བལ་ཡུལ་ཡན་ལག་རྩིས་ཞིབ་ལས་ཁུངས། ས་གནས་འཐུས་ཚོགས་དང་ས་གནས་རང་བདེན་ཚོགས་ཆུང་གི་ལས་ཁུངས། དབང་པོ་སྐྱོན་ཅན་ལྟ་སྐྱོང་ཁང་། བལ་ཡུལ་ཡན་ལག་སྣེ་ལེན་ཁང་། བཟོ་གྲྭ བལ་ཡུལ་གངས་ཅན་བདེ་རྩའི་ལས་ཁུངས་སོགས་ལ་གཟིགས་བསྐོར་གནང་བ་དང་། མི་མང་དང་སློབ་ཕྲུག་མཇལ་འཕྲད་ཀྱིས་ས་གནས་ཁག་གི་གནས་སྟངས་རྒྱུས་ལོན་གནང་ཡོད་པ་མ་ཟད། བོད་གཞུང་གུ་རུའི་ལྷ་ཁང་དང་། མང་ཡུལ་སྐྱིད་གྲོང་བཙུན་དགོན་ཐུགས་རྗེ་ཆོས་གླིང་། མཆོད་རྟེན་བྱ་རུང་ཁ་ཤོར་སོགས་ལ་གནས་མཇལ་ཡང་གནང་ཡོད་འདུག
གཟིགས་བསྐོར་ཕྱོགས་ཕེབས་སྐབས་ས་གནས་སོ་སོའི་སློབ་ཕྲུག་དང་མི་མང་གི་བསམ་ཚུལ་བསྡུ་ལེན། སློབ་ཕྲུག་དང་མི་མང་འདུ་འཛོམས་ཐོག་སྤྱི་འཐུས་རྣམ་པ་གཉིས་ནས་གསུང་བཤད་ཐེངས་ ༩ གནང་ཡོད་པ་དང་། ཐེངས་འདིའི་མི་མང་འདུ་འཛོམས་སྐབས་སོ་སོར། སྤྱི་འཐུས་རྣམ་གཉིས་ནས་གཙོ་བོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་མཛད་འཕྲིན་དང་། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་གཉིས་སྨན་དབུ་མའི་ལམ་གྱི་སྐོར། རྒྱལ་སྤྱིའི་གནས་བབས། རྒྱ་ནག་དང་བོད་ནང་གི་གནས་སྟངས་སོགས་ཀྱི་སྐོར་དང་། གྲོས་ཚོགས་ཀྱི་ལས་རིམ་དང་འབྲེལ་བའི་དོན་གནད་ཁག་བཅས་ཀྱི་ཐོག་གསུང་བཤད་དང་དྲི་བར་ལན་འདེབས་གསལ་བཤད་གནང་ཡོད།
ལྷག་པར་དུ་བལ་ཡུལ་སྐུ་ཚབ་འབྲེལ་མཐུད་ལས་ཁུངས་སུ་དེ་གའི་འབྲེལ་མཐུད་པ་དང་། དྲུང་ཆེ་ཡིས་གཙོས་ས་གནས་འགོ་འཛིན་རྣམ་པ། ས་འཐུས་དང་རང་བདེན་ཚོགས་ཆུང་གི་ཚོགས་གཙོ་རྣམ་པ། བལ་ཡུལ་གངས་ཅན་བདེ་རྩའི་དྲུང་ཆེ་དང་འཛིན་སྐྱོང་འགན་འཛིན། ཀ་ཐ་མན་གྲུ་བོད་མིའི་སློབ་གྲྭ་ཁག་གི་སློབ་སྤྱི་དང་དགེ་སྤྱི། སྨན་རྩིས་ཁང་གི་འགན་འཛིན་བཅས་མཉམ་ཞུགས་ཐོག་བཞུགས་མོལ་ཚོགས་འདུ་ཞིག་བསྐོང་ཚོགས་གནང་སྟེ། ས་གནས་ཀྱི་དཀའ་ངལ་ཁག་གི་ཐོག་བགྲོ་གླེང་ལྷུགས་པོ་གནང་བ་དང་ཆབས་ཅིག་སྤྱི་འཐུས་རྣམ་པ་གཉིས་ནས་གཟིགས་བསྐོར་གནང་བའི་སྐབས་མཐོང་ཐོས་དང་འབྲེལ་བའི་གནད་དོན་ཁག་ཅིག་ཐོག་ལ་ལམ་སྟོན་གསལ་བཤད་གནང་ཡོད་པ་མ་ཟད། བལ་ཡུལ་གངས་ཅན་བདེ་རྩའི་ལས་ཁུངས་སུ་བལ་ཡུལ་ནང་གི་སློབ་གྲྭ་ཁག་གི་ཤེས་ཡོན་དང་མི་མང་གི་འཕྲོད་བསྟེན་སྐོར་ལ་བཞུགས་མོལ་ཚོགས་འདུ་ཞིག་ཀྱང་ཚོགས་གནང་སྟེ། སྤྱི་འཐུས་གཉིས་ནས་གཟིགས་སྐོར་གནང་བའི་སྐབས་མཐོང་ཐོས་དང་འབྲེལ་བའི་གནད་དོན་ཁག་དང་། དམིགས་བསལ་ཤེས་ཡོན་སྲིད་བྱུས་ལག་བསྟར་བཅས་ཀྱི་ཐོག་ལམ་སྟོན་ཞིབ་ནན་གནང་ཡོད་འདུག
དེ་བཞིན་སློབ་ཕྲུག་དང། མི་མང་། ཁོངས་སོ་སོ་ནས་དཀའ་སེལ་མཇུག་སྐྱོང་དགོས་རིགས་སྙན་ཞུ་དང་། ཉམ་ཐག་གི་གནས་ཚུལ་རྒྱུས་ལོན་དང་དཀའ་སེལ་མཇུག་སྐྱོང་། དགོན་སྡེ་ཁག་དང་། མི་མང་། སློབ་གྲྭ་སོགས་ཀྱི་གནས་སྟངས་ཐོག་གཟིགས་ཞིབ་གནང་ཆེད་ཕར་ཕེབས་ཚུར་འོང་ཐེ་བའི་ཁྱོན་ཉིན་གྲངས་ ༢༢ ཙམ་གྱི་གཞུང་འབྲེལ་ཕྱོགས་བསྐྱོད་ཀྱི་ལས་དོན་ཡོངས་སུ་གྲུབ་པ་གནང་ཡོད་འདུག ད་རེས་སྤྱི་འཐུས་རྣམ་གཉིས་ས་བགོས་ལྟར་ཕྱོགས་བསྐྱོད་ཕེབས་རིང་ས་གནས་སོ་སོ་ནས་ བདེ་སྡུག་ཞུས་ཁག་ལ་འབྲེལ་ཡོད་ལྷན་ཁང་སོ་སོས་དཀའ་སེལ་དགོངས་བཞེས་དང་འབྲེལ་བའི་ཕྱག་བསྟར་མཇུག་སྐྱོང་གནང་དགོས་རིགས་རྣམས་དོན་གནད་རེ་རེ་བཞིན་སྤྱི་འཐུས་རྒྱུན་ལས་བརྒྱུད་འཛིན་སྐྱོང་བཀའ་ཤག་ཏུ་འབུལ་ལམ་ཞུ་རྒྱུ་ཡིིན་པ་བཅས་ཀྱི་གནས་ཚུལ་སྙིང་བསྡུས་སུ།།