༢༠༡༧ ཟླ་ ༡༠ ཚེས་ ༣ རེས་གཟའ་མིག་དམར།
༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་རྣམས་བོད་མིའི་འདུ་སྡོད་གཞིས་ཆགས་ཁག་ལ་ཕྱོགས་བསྐྱོད་ཕེབས་རྒྱུའི་ས་བགོས་ཡོད་པ་ལྟར། སྤྱི་འཐུས་ཀུན་དགའ་བསོད་སྟོབས་ལགས་དང་སྤྱི་འཐུས་དོན་གྲུབ་བཀྲ་ཤིས་ལགས་རྣམ་གཉིས་ཕྱི་ལོ་ ༢༠༡༧ ལོའི་ཟླ་ ༡༠ ཚེས་ ༣ ནས་ ༡༣ བར་རྒྱ་གར་ཨོ་ཌི་ཤ་ (Odisha) མངའ་སྡེའི་ནང་རྟེན་གཞི་བྱས་པའི་ཨོ་ཌི་ཤ་ཕུན་ཚོགས་གླིང་གཞིས་ཆགས་དང་། བྷུབ་ནེ་ཤེ་ཝར། བྷ་ལ་སོར། ཀ་ཊག་གྲོང་ཁྱེར། རྒྱ་གར་མངའ་སྡེ་བྷི་ཧར་ (Bihar) ནང་ཡོད་པའི་རྡོར་གདན། པཊ་ན། གྷ་ཡ་གྲོང་ཁྱེར། དེ་བཞིན་རྒྱ་གར་མངའ་སྡེ་ཇར་ཁན་ (Jharkhand) ནང་ཡོད་པའི་ཀྲ་ཀྲ་ན་སྒར། རྡན་བྷ་ཌ། པུ་རི་ལི་ཡ། རན་ཅི་གྲོང་ཁྱེར། རྒྱ་གར་མངའ་སྡེ་ནུབ་བྷང་གལ་ (West Bengal) ནང་ཡོད་པའི་ཨ་སན་སོལ་གྲོང་ཁྱེར། རྒྱ་གར་མངའ་སྡེ་ཨུ་ཊར་པར་ཌེ་ཤི་ (U.P) ནང་ཡོད་པའི་ཝ་ར་ཎ་སི། གྷོ་རག་པུར། ལཀ་ནའོ། ཨེ་ལ་བྷཊ་གྲོང་ཁྱེར་བཅས་ལ་གཞུང་འབྲེལ་ཕྱོགས་བསྐྱོད་གནང་གཏན་འཁེལ་ཡོད།
དེ་ཡང་སྤྱི་འཐུས་རྣམ་པ་གཉིས་ཕྱི་ཟླ་ ༡༠ ཚེས་ ༢ ཉིན་རྡ་ས་ནས་ལྡི་ལིར་ཕེབས་ཐོན་གནང་བ་དང་། ཕྱི་ཚེས་ ༣ ཉིན་ལྡི་ལི་ནས་ཨོ་ཌི་ཤ་ཕུན་ཚོགས་གླིང་གཞིས་ཆགས་སུ་ཕེབས་ཐོན་གནང་རྒྱུ་དང་། ཕྱི་ཚེས་ ༤ ཉིན་ཨོ་ཌི་ཤ་ཕུན་ཚོགས་གླིང་གཞིས་ཆགས་ལ་འབྱོར་འཕྲལ་ས་གནས་སུ་ལས་རིམ། དེ་རྗེས་ཕྱི་ཚེས་ ༤ ནས་ ༡༣ བར་གོང་འཁོད་ས་གནས་གཞན་རྣམས་ལ་ས་བབ་གནས་སྟངས་ལ་གཞིགས་ཏེ་མུ་མཐུད་ལས་རིམ་དང་། ཕྱི་ཚེས་ ༡༥ ཉིན་རྡ་སར་ཕྱིར་ཕེབས་གནང་རྒྱུ། ཕྱི་ཚེས་ ༡༧ ཉིན་སོ་སོའི་བཞུགས་གནས་སུ་ཕེབས་ཐོན་གནང་རྒྱུ་ཡིན་པ་བཅས་ཀྱི་གནས་ཚུལ་དུ།།