༢༠༡༧ ཟླ་ ༡༠ ཚེས་ ༦ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༡༠ ཚེས་ ༣ ནས་ ༦ བར་བཞུགས་སྒར་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཐེ་ཝན་གཙོ་བོར་གྱུར་བའི་ཕྱི་ནང་དད་ལྡན་མང་ཚོགས་རྣམས་ལ་སློབ་དཔོན་ཟླ་བ་གྲགས་པས་མཛད་པའི་དབུ་མ་འཇུག་པའི་ཆོས་འབྲེལ་ཉིན་མཐའ་མའི་སྐབས་དགེ་བསྙེན་གྱི་སྡོམ་པ་དང་སྒྲོལ་མའི་རྗེས་གནང་སོགས་སྩལ་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༨ ཐོག་ཐེ་ཝན་དད་ལྡན་གྱི་འཐུས་མི་རྣམ་པས་སྤོས་སྣེས་སྔུན་བསུས་ཏེ། མགོན་པོ་གང་ཉིད་མཆོག་ཕོ་བྲང་ནས་གདན་ཞུས་ཀྱིས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་བཞུགས་ཁྲིར་༸ཞབས་སོར་འཁོད་རྗེས་ཆོས་འབྲེལ་དབུ་འཛུགས་ཀྱི་བཀའ་སློབ་སྩལ་དོན། དེ་རིང་ཆོས་འབྲེལ་དེ་ཁ་སང་ཞུས་པ་ལྟར་སྒྲོལ་མའི་ཚེ་དབང་གི་བྱིན་རླབས་ཞུ་རྒྱུ་དང་། དེ་ཡང་སྔོན་ལ་ངོས་ནས་སྒྲུབ་གཞག་བྱེད་དགོས། དེའི་རིང་ཁྱོད་རང་ཚོས་འཆར་ཅན་ལྟར་སྔོན་ལ་པ་ལའི་སྐད་ཐོག་ནས་ཆོས་ཀྱི་ཚིགས་བཅད་པ་དང་། དེའི་རྗེས་རྒྱའི་སྐད་ཐོག་ཤེས་རབ་སྙིང་པོ་གསུངས། གལ་སྲིད་ངོས་ཀྱི་སྒྲུབ་གཞག་དེའི་རིང་མ་ཚར་ཚེ་སྒྲོལ་མའི་གཟུངས་སྔགས་བསགས་ནས་བཞུགས་དགོས་ཞེས་བཀའ་སྩལ་རྗེས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྒྲུབ་ཞག་མཛད་པ་དང་། པ་ལའི་ཆོས་བརྒྱུད་ཀྱི་དགེ་འདུན་པ་ཚོས་ཞལ་འདོན་དབུ་འཛུགས་མཛད་པ་དང་། གསུང་ཆོས་སྔོན་འགྲོའི་སྒྲུབ་ཞག་གྲུབ་མཚམས་བཀའ་སློབ་སྩལ་དོན། དེ་རིང་མཇུག་ཏུ་དགེ་བ་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ཀྱི་རྗེས་གནང་ཡོད་པ་དང་ཆབས་ཅིག་ཚེ་དབང་ཡང་ཡོད་པ་ཞིག་ཡིན། རྗེས་གནང་བྱ་རྒྱུའི་སྒྲོལ་དཀར་ཡིད་བཞིན་འཁོར་ལོ་གཡོན་ལ་སེང་ལྡེང་ནགས་ཀྱི་སྒྲོལ་མ། གཡས་ལ་ལྷ་མོ་ཁྲོ་གཉེར་ཅན་མ་བྱས་ཏེ་གཙོ་འཁོར་གསུམ་ཡོད་པ་ཞིག་རེད། འདི་ནི་སྤྱིར་དག་སྣང་བྱས་ཏེ་རྙིང་མའི་ཕྱོགས་ལ་རྩི་དགོས་སམ། དེ་རྩིས་པ་ཡིན་ན་རིང་བརྒྱུད་བཀའ་མ་དང་ཉེ་བརྒྱུད་གཏེར་མ། ཟབ་མོ་དག་སྣང་ཞེས་གསུམ་ཡོད་པ་རེད། འདི་ཟབ་མོ་དག་སྣང་གི་ཁུངས་རེད། མ་གཞི་ས་དགེ་བཀའ་རྙིང་ཚང་མའི་ནང་དག་སྣང་གི་སྐོར་ཡོང་གི་ཡོད་པ་རེད། བཀའ་གཏེར་དག་སྣང་ཞེས་འདི་དག་སྣང་གི་ཁུངས་རེད། དག་སྣང་ལ་ཉམས་ལ་དག་སྣང་ཡོང་བ་ཞིག་དང་། སྒོ་ལྔའི་ཤེས་པ་ཉུང་དུ་ཕྱིན་པའི་ཐོག་ནས་དག་སྣང་ཤར་བ་ཞིག་དང་། དེ་ཡིད་བློ་ལ་འཇོག་དགོས་པ་རེད། རིགས་གཅིག་དབང་པོའི་ཤེས་པ་ལ་དངོས་སུ་མཇལ་རྒྱུ་ཡོད་པ་ཞིག་རེད། འདི་༸གོང་ས་ལྔ་བ་ཆེན་པོས་དག་སྣང་ཡང་གསང་རྒྱ་ཅན་ཞེས་གསང་བ་རྒྱ་ཅན་གྱི་ཆོས་སྐོར་ཉི་ཤུ་རྩ་གྲངས་ཤིག་ཡོད་པ་རེད། དེའི་ནང་དུ་དབང་དང་རྗེས་གནང་། རིགས་གཏེར་སོགས་མང་པོ་ཞིག་ཡོད་པ་རེད། འདི་རྗེས་གནང་གི་ཁུངས་རེད། འདི་༸གོང་ས་ལྔ་བ་ཆེན་པོར་དག་པའི་སྣང་བ་ལ་འཕགས་མ་སྒྲོལ་མ་གཙོ་འཁོར་གསུམ་དངོས་སུ་ཞལ་གཟིགས་ནས་གནང་བ་ཞིག་རེད། ངོས་ནས་གསང་བ་རྒྱ་ཅན་གྱི་ཆོས་སྐོར་འདི་༸གོང་ས་ལྔ་བ་ཆེན་པོའི་སྐབས་ནས་བཟུང་༸རྒྱལ་དབང་སྐུ་ཕྲེང་རིམ་བྱོན་ལ་དམིགས་བསལ་གྱིས་ཕ་ཆོས་ལྟ་བུ་ཆགས་ནས་འབྲེལ་བ་ཡོད་པ་ཞིག་རེད། ངོས་རང་ལ་ཆ་བཞག་ནའང་ལོ་བཅུ་གཅིག་བཅུ་གཉིས་ཙམ་ནས་སྟག་བྲག་རིན་པོ་ཆེའི་སྐུ་མདུན་ནས་གསང་བ་རྒྱ་ཅན་གྱི་ཆོས་སྐོར་ཡོངས་སུ་རྫོགས་པ་ཐོབ་པ་རེད། གསང་བ་རྒྱ་ཅན་གྱི་དཔེ་ཆ་བྲིས་མ་མ་གཏོགས་ཡོད་པ་མ་རེད། ཕྱིས་སུ་རྒྱ་གར་ལ་སླེབས་ནས་དཔེ་ཆ་ཞིག་ཀྱང་རག་སོང་། དེའི་ཐོག་ནས་བཀའ་བརྒྱད་སྤྱི་དྲིལ་ཞི་ཁྲོ་རྣམ་རོལ་གཙོ་བོར་གྱུར་བའི་བསྙེན་པ་མང་པོ་བཏང་ཡོད། ཐོག་མ་ཆུང་ཆུང་སྐབས་དབང་ཞུས་པའི་སྐབས་ནས་ལས་འབྲེལ་ཡོད་པའི་མཚན་མ་གསལ་བོ་ཡོང་གི་ཡོད།
དེ་རིང་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་རྗེས་གནང་བྱ་རྒྱུར་སྔོན་ལ་ཁ་སང་ཁས་ཉིན་ཞུས་པ་ལྟར། ཁྱེད་རང་ཚོའི་ངོས་ནས་ཀུན་སློང་རྣམ་པར་དག་པ་ཞིག་གི་ཐོག་ནས་གསོལ་བ་འདེབས་རྒྱུ་དང་། བླ་མའི་ངོས་ནས་ཀྱང་ཀུན་སློང་རྣམ་པར་དག་པའི་སྒོ་ནས་རྗེས་གནང་བྱ་རྒྱུ་ཡིན། ཁ་སང་ཁས་ཉིན་བཀའ་ཆོས་བྱས་པ་དེ་དག་གང་ལྟར་སངས་རྒྱས་ཀྱི་བསྟན་པ་ངོ་སྤྲོད་བྱེད་རྒྱུ་གཙོ་བོ་བྱས་ནས་དེ་ལྟར་བཤད་པ་རེད།
འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོའི་སྔགས་རིམ་ཆེན་མོའི་ལེའུ་དང་པོའི་ནང་། དབང་རྟུལ་དད་པའི་རྗེས་འབྲང་ཙམ་བྱས་ནས་ཧ་ལམ་རྨོངས་དད་ལྟ་བུར་ཕྱིན་པ་ཡིན་ན་གནས་ཚུལ་ཐ་དད་རེད། དེ་མིན་རྣམ་དཔྱོད་དང་ལྡན་པ་ཞིག་ཡིན་ན། དཔྱད་པ་བྱེད་དགོས། སངས་རྒྱས་ཀྱི་གསུང་པ་རེད། ཅེས་ལུང་ཙམ་ལ་ཆ་མ་བཞག་པར། རྣམ་དག་རིགས་པས་བློ་གྲོས་མིག་སྦྱོངས་ནས། །ཕས་ཀྱི་རྒོལ་བས་བསྐྱོད་པར་མི་ནུས་པའི། ཞེས་གསུང་པ་ལྟར་སྤྱིར་ཆོས་ཟེར་མཁན་དེ་དགོས་པ་གང་ཡང་མེད་ཟེར་རྒྱུ་ལྟ་བུ་དང་། ཡང་སྒོས་སངས་རྒྱས་ཀྱི་ཆོས་ཟེར་རྒྱུ་དེ་དགོས་པ་མེད། ཅེས་པ་ལྟ་བུའི་གོ་བ་དེ་འདྲ་ཡོང་གི་རེད། དེ་ཚོའི་གྲས་ལ་ཕས་ཀྱི་རྒོལ་བས་སྐྱོན་བརྗོད་དང་འགལ་འདུ་ལྟ་བུ་ཇི་འདྲ་ཞིག་བྱས་ཀྱང་།
དེ་དག་ནི་ལྟ་བ་འགལ་འདུ་སྟོང་པ་དང་། རྟེན་འབྲེལ་བསྟོད་པའི་ནང་ཐོན་པ་ནང་བཞིན་རེད། ལྟ་བ་འགལ་འདུ་སྟོང་པ་ཞིག་གིས་ཕར་འབྲེལ་བཤད་རྒྱག་རྒྱུ་ཡོད་པ་ཞིག་ཆགས་ཀྱི་འདུག དེང་སྐབས་ཆ་བཞག་ནའང་། ཚན་རིག་གི་ལྟ་གྲུབ་དེ་འདྲའི་ཐོག་ནས་རྒྱབ་རྟེན་ཡོད་པ་ཧ་ཅང་གསལ་པོ་རེད། སེམས་ཁམས་རིག་པའི་སྐོར་ཡིན་ནའང་རེད། དེ་བཞིན་སྟོང་ཉིད་ཀྱི་ལྟ་བའི་སྐོར་རྟེན་འབྲེལ་ལྟོས་གྲུབ་ཟེར་རྒྱུ་ནི་ཚན་རིག་པའི་ཐོག་ནས་མོས་མཐུན་དང་རྒྱབ་སྐྱོར་ཡོད་པ་ཆགས་ཡོད།
གང་ལྟར་ཚན་རིག་པ་ཚོས་རིག་གནས་གསར་པ་ཤེས་པ་དེ་ལས་ལྷག་ནང་པའི་ཆོས་ཀྱི་ཐོག་ནས་འགྲེལ་བཤད་རྒྱག་རྒྱུ་ཡོད་པ་དང་། སེམས་ཁམས་རིག་པའི་སྐོར་ཆ་བཞག་ནའང་དེ་དེ་བཞིན་འགྲེལ་བཤད་རྒྱག་རྒྱུ་ཡོད་པ་ཆགས་ཡོད། ཅེས་བཀའ་སློབ་སྩལ་རྗེས་ཐོག་མར་དགེ་བསྙེན་གྱི་སྡོམ་པ་འབོག་ཆོག་མཛད། སྐབས་དེར་གཟུགས་པོའི་འཕྲོད་བསྟེན་གྱི་ཆ་ནས་དགོས་པ་རྒྱུ་མཚན་དམིགས་བསལ་ཡིན་ན་མ་གཏོགས་གཞན་ཆང་མང་པོ་འཐུང་མི་རུང་བ་དང་། ཆང་སྤོངས་དགོས་པ་སོགས་བཀའ་སློབ་སྩལ་དོན། སངས་རྒྱས་ཅོམ་ལྡན་འདས་ཀྱིས་ང་ལ་སྟོན་པར་སྨྲ་བ་རྣམས་ཀྱིས་ཆང་རྩ་ཡི་རྩེ་མོའི་ཟིལ་པ་ཙམ་ཡང་བཏུང་མི་ཆོག་ཅེས་བཀག་ཡོད། ཆང་བཏུང་བ་ལ་ཉེས་པ་གང་ཡང་མེད་ནའང་ཆང་བཏུང་ནས་ར་བཟི་སྟེ་དྲན་ཤེས་ཉམས་འགྲོ་བཞིན་ཡོད། ཆང་གིས་མྱོས་ནས་གང་བྱུང་བྱ་རྒྱུའི་ཉེན་ཁ་ཡོད།
དེར་བརྟེན་བསླབ་གཞི་ལྔ་འཛིན་པའི་དགེ་བསྙེན་བསྒྲུབ་དགོས། མི་ཚེ་གཅིག་གི་རིང་ལ་དེ་རིང་དགེ་བསྙེན་སྒྲུབ་ནས་མ་འཆི་བར་དུ་བསླབ་གཞི་ལྔ་དེ་དག་འཛིན་དགོས། ཁྱེད་རང་ཚོ་སེམས་ཤུགས་དང་འདོད་པ་ཡོད་མཁན་ཚོར་དགེ་བསྙེན་བསྒྲུབ་རྒྱུ་ཡིན།
གལ་ཆེ་ཤོས་ཁྱེད་རང་ཚོ་བསླབ་གཞི་ལྔ་འཛིན་པའི་དགེ་བསྙེན་ཞུས་ནའང་རེད། དགེ་བསྙེན་གྱི་བསླབ་པ་ལྔ་དེ་མ་འཆི་བར་དུ་སྲུང་དགོས། ཞེས་སོགས་ཀྱིབཀའ་སློབ་སྩལ་བ་དང་སྦྲགས་རེ་ཞིག་ཆོས་འབྲེལ་ལེགས་པར་མཇུག་སྒྲིལ་མཛད་པ་བཅས།།