ཕྱི་ལོ་ ༢༠༡༧ ཟླ་ ༡༠ ཚེས་ ༢༣ རེས་གཟའ་ཟླ་བ།
༄༅། །སྤུན་སྲིང་གཞིས་ཆགས་ཀྱི་ལས་འཆར་འདི་ནི་ཕྱི་རྒྱལ་ཡུལ་གྲུ་ཁག་དང་རྒྱ་བལ་འབྲུག་གསུམ་དུ་ཡོད་པའི་བོད་རིགས་དབར་སྤུན་སྲིང་ལྟ་བུའི་འབྲེལ་ལམ་དམ་ཟབ་དང་རྒྱུན་འཛིན་ཐུབ་སླད་དཔལ་ལྡན་བཀའ་ཤག་སྐབས་ ༡༤ པའི་ཆིག་སྒྲིལ་དང༌། གསར་གཏོད། རང་ཁ་རང་གསོའི་ལྟ་གྲུབ་འོག་གསར་གཏོད་གནང་བ་ཞིག་ཡིན། སྤུན་སྲིང་གཞིས་ཆགས་ཀྱི་ལས་འཆར་འདི་བཞིན་ཕྱི་ལོ་ ༢༠༡༣ ནས་འགོ་འཛུགས་ཀྱིས་ད་བར་ཕྱི་རྒྱུལ་ཡུལ་གྲུ་ཁག་ཏུ་ཡོད་པའི་བོད་རིགས་སྤྱི་མཐུན་ཚོགས་པ་ཁག ༧ ནས་རྒྱ་གར་དང་བལ་ཡུལ་ནང་ཡོད་གཞིས་ཆགས་ཁག ༨ འདེམས་སྒྲུག་བྱུང་ཡོད་པ་དང༌། ལོ་ལྟར་ས་གནས་སོ་སོར་དགོས་དངུལ་མི་ཉུང་བ་རོགས་སྐྱོར་གནང་བཞིན་པ་བསྔགས་བརྗོད་ཀྱི་གནས་སུ་འགྱུར་ཡོད། ལས་གཞི་འདི་ནི་རོགས་དངུལ་ཐབས་འཚོལ་ཙམ་མ་ཡིན་པར་བོད་རིགས་དབར་མི་རིགས་ཀྱི་ལ་རྒྱ་གོང་འཕེལ་དང་མཐུན་འབྲེལ་གྱི་ཁོར་ཡུག་བཟང་པོ་ཞིག་བསྐྲུན་ཏེ་བོད་ཀྱི་ཆོས་དང༌། རིག་གཞུང༌། ཤེས་ཡོན་གོང་འཕེལ་ཡོང་ཐབས༌། དེ་བཞིན་རང་རེའི་སྤྱི་ཚོགས་ནང་ཕོ་མོ་འདྲ་མཉམ་དང་དྲང་བདེན་གྱི་གོ་རྟོགས་སྤེལ་རྒྱུ་སོགས་ལ་དམིགས་པའི་བོད་མིའི་སྒྲིག་འཛུགས་ཀྱི་ལས་འཆར་གལ་གནད་ཆེ་གྲས་ཤིག་ཡིན། དེ་ཡང་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་གནས་པའི་བོད་རིགས་ཚོགས་པ་རྣམས་ལ་མུ་མཐུད་ལས་གཞིའི་ནང་མཉམ་བཞུགས་ཡོང་བའི་རེ་འདུན་ཞུ་རྒྱུ་དང༌། ད་ཡོད་ལས་གཞིའི་ཁོངས་དངོས་སུ་བཞུགས་ཏེ་གཞིས་ཆགས་ཁག་ལ་སྔ་རྗེས་རོགས་རམ་གནང་བཞིན་པའི་གཤམ་གསལ་ཚོགས་པ་རྣམས་ལ་ཡིད་རངས་ཞུ་རྒྱུ་དང་སྦྲགས། ཉེ་ཆར་ཨོ་ཌི་ཤ་ཕུན་ཚོགས་གླིང་མཉམ་འབྲེལ་ལས་ཁུངས་ཉམས་གསོ་ཆེད་ཨ་རི་སྤོཌ་ལེན་བོད་རིགས་སྤྱི་མཐུན་ཚོགས་པས་རོགས་དངུལ་ཧིན་སྒོར་ ༡༣༧༩༠༠༠ རོགས་རམ་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ། དེ་ལྟའི་ལྷག་བསམ་དང་གཅིག་ཕན་གཅིག་གྲོགས་ཀྱི་བྱ་བཞག་ལ་ཚང་མས་མཉམ་ཞུགས་ཡོང་བའི་འབོད་སྐུལ་ཞུ་རྒྱུ་ཡིན། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ནང་སྲིད་ནས་ཁུངས་ནས་ ༢༠༡༧ ཟླ་ ༡༠ ཚེས་ ༢༣ ལ།
ཨང༌། བོད་རིགས་སྤྱི་མཐུན་ཚོགས་པ། གཞིས་ཆགས འགོ་འཛུགས་ལོ་དུས།
༡ སྦེལ་ལྗམ། ར་ཝང་ལ་ཀུན་ཕན་གླིང༌། ༢༠༡༣
༢ ཕ་རན་སི། ལ་དྭགས་བསོ་ནམས་གླིང༌། ༢༠༡༤
༣ ཨ་རི་ནིའུ་ཡོག་དང་ནིའུ་འཇར་སི། ཧོན་སུར་རབ་རྒྱས་གླིང༌། ༢༠༡༤
༤ ཨ་རི་ནིའུ་ཡོག་དང་ནིའུ་འཇར་སི། སྦན་ད་ར་ནོར་རྒྱས་གླིང༌། ༢༠༡༤
༥ ཨ་རི་སྦོས་ཌོན། ཏི་ཛ་དར་རྒྱས་གླིང༌། ༢༠༡༥
༦ ཨ་རི་ཀེ་ལི་ཕོར་ནི་ཡ། བལ་ཡུལ་རྡོར་པ་ཌན་ནོར་འཛིན་གླིང༌། ༢༠༡༥
༧ ཨ་རི་ཀོ་ལོ་ར་ཌོ། བལ་ཡུལ་ར་སུ་ཝ་དགེ་རྒྱས་གླིང༌། ༢༠༡༥
༨ ཨ་རི་པོཌ་ལེན། ཨོ་ཌི་ཤ་ཕུན་ཚོགས་གླིང༌། ༢༠༡༥