༢༠༡༧ ཟླ་ ༡༠ ཚེས་ ༢༤ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༡༠ ཚེས་ ༡༩ ཉིན་རྒྱ་རིགས་མང་གཙོ་དང་འགྲོ་བ་མིའི་ཐོབ་ཐང་འཐབ་རྩོད་པ་སྐུ་ཞབས་ལིའུ་ཞའོ་པོ་ Liu Xiaobo མཆོག་ལ་མི་མང་གི་རྗེས་དྲན་ཞུ་སླད་ཨ་རིའི་གྲོང་ཁྱེར་ཝ་ཤིང་ཊོན་རྒྱལ་ཡོངས་ཡེ་ཤུའི་མཆོད་ཁང་ Washington National Cathedral དུ་དྲན་རྟེན་གྱི་མཛད་སྒོ་ཞིག་ཚོགས་ཡོད། སྐབས་དེར་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བརྙན་འཕྲིན་བརྒྱུད་གསུང་འཕྲིན་སྩལ་དོན། ངོས་རང་ནོ་བེལ་ཞི་བདེའི་གཟེངས་རྟགས་ཐོབ་མཁན་ལོ་ན་རྒན་པ་ཞིག་ཡིན་པའི་ངོས་ནས་ཐེངས་འདིར་སྐུ་ཞབས་ལིའུ་ཞའོ་པོ་དམ་པ་ཁོང་གི་རྗེས་དྲན་ཞུ་རྒྱུའི་མཛད་སྒོའི་ཐོག་གདུང་སེམས་མཉམ་སྐྱེ་དང་སྨོན་ལམ་གསོལ་འདེབས་ཞུ་རྒྱུ་ནི་ངོས་ཀྱི་ལས་འགན་ཡིན། ངོས་ཀྱིས་སྐུ་ཞབས་ལིའུ་ཞའོ་པོ་དམ་པ་ཁོང་གིས་མང་གཙོ་དང་བཟང་སྤྱོད་གོང་མཐོར་ཡོང་ཐབས་སླད་ཆོད་སེམས་བརྟན་པོས་འཐབ་རྩོད་གནང་བ་དེར་དོན་དམ་བསྔགས་བརྗོད་ཤུགས་ཆེ་ཞུ་བཞིན་ཡོད། ཁྱེད་ཚོ་དམ་པ་ཁོང་ལ་བསྔགས་བརྗོད་ཞུ་མཁན་ཚོས་ཀྱང་ཁོང་གིས་ལྟ་གྲུབ་དེ་དག་རྒྱུན་འཛིན་གནང་རོགས་ཞུ་རྒྱུ་ཡིན། སྤྱིར་དམ་པ་ཁོང་ད་ལྟ་ང་ཚོའི་ཁྲོད་སྐུ་འཚོ་བཞུགས་མེད་ཀྱང་དམ་པ་ཁོང་གི་ལྟ་གྲུབ་དེ་དག་རྒྱུན་འཛིན་པའི་ཐོག་ནས་རྗེས་དྲན་གྱི་ལེགས་སྐྱེས་འབུལ་ཐུབ།
དེ་ཡང་རྗེས་དྲན་མཛད་སྒོའི་ཐོག་ཆབ་སྲིད་མི་སྣ་འདྲ་མིན་དང་། ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་ལས་བྱེད། དེ་བཞིན་ཨ་རི་བ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་ལྕམ་སྐུ་ཇོ་ཌི་ཝིལ་ཡེམ་སི་ Jody Williams མཆོག་དང་། ཨི་རན་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་ལྕམ་སྐུ་ཤི་རིན་ཨི་བྷ་ཌི་མཆོག་ Shirin Ebadi སོགས་ཕེབས་ཡོད་པ་མ་ཟད། ནོ་སྦེལ་གཟེངས་རྟགས་ཚོགས་ཆུང་གི་ཚོགས་གཙོ་སྐུ་ཞབས་བྷེ་རི་ཊི་རེ་སི་ཨེན་ཌར་སོན་ Berit Reiss-Andersen མཆོག་དང་། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མནར་གཅོད་ཐོག་དམིགས་བསལ་མཁས་ལས་པ་ཟུར་པ་སྐུ་ཞབས་ཡོན་མེན་ཌེཛི་ Juan Mendez ལགས་ཀྱིས་སྐུ་ཞབས་ལིའུ་ཞའོ་པོ་ Liu Xiaobo དམ་པ་ཁོང་དང་ཁོང་གི་སྐུ་ཟླ་ལྕམ་སྐུ་ལིའུ་ཤི་ཡ་ Liu Xia ལགས་ཀྱི་ཕྱག་ལས་གང་གནང་བའི་སྐོར་ངོ་སྤྲོད་གནང་འདུག
མཛད་སྒོའི་སྐབས་སྐུ་ཞབས་ལིའུ་ཞའོ་པོ་དམ་པ་དེ་ཉིད་ལ་རྗེས་དྲན་ཞུས་པ་ཙམ་མ་ཟད། དམ་པ་ཁོང་གི་ལྕམ་སྐུ་ལིའུ་ཤི་ཡ་ལགས་མགྱོགས་མྱུར་གློད་བཀྲོལ་གནང་དགོས་པའི་རེ་འདུན་ཤུགས་ཆེ་བཏོན་འདུག དེ་ཡང་ལྕམ་སྐུ་ཁོང་སྐུ་ཞབས་ལིའུ་ཞའོ་པོ་མཆོག་འདས་གྲོངས་སུ་གྱུར་ནས་ཉིན་ཤས་རྗེས་རྒྱ་ནག་གཞུང་གི་བཙན་དབང་འོག་གར་སོང་ཆ་མེད་དུ་གྱུར་ཡོད།།