༢༠༡༧ ཟླ་ ༡༠ ཚེས་ ༢༦ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༡༠ ཚེས་ ༢༤ ཉིན་གངས་སྐྱིད་གཉའ་ཁྲི་ཚོགས་ཁང་དུ་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་དང་རྒྱ་གར་ལྷོ་ཕྱོགས་གྲོང་ཁྱེར་ཅེནནྱེ་ནང་རྟེན་གཞི་བྱས་པའི་རྒྱ་ནག་ཉམས་ཞིབ་བསྟི་གནས་ཁང་ Chennai Centre for China Studies གཉིས་ཐུན་མོང་ཐོག་ནས་༼བོད་ཀྱི་གནད་དོན་ཐོག་གོ་ལའི་ལྟ་ཚུལ་ཐུན་མོང་ཞིག་ཡོང་ཐུབ་བམ་ཡང་ན་རྩོད་གཞི་ཅན་ཞིག་ཡིན།༽ ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་དང་གཏམ་བཤད་ཀྱི་ལས་རིམ་ཞིག་གོ་སྒྲིག་གནང་འདུག
དེ་ཡང་དབུ་འབྱེད་མཛད་སྒོའི་ཐོག་དཔལ་ལྡན་སྲིད་སྐྱོང་མཆོག་གིས་གསུང་བཤད་གནང་སྐབས། དེང་དུས་འཛམ་གླིང་གི་གནས་སྟངས་ནི་གོ་ལ་གཅིག་གྱུར་གྱི་འདུ་ཤེས་འཛིན་རྒྱུ་ལས་ལྡོག་སྟེ་རྒྱལ་ཞེན་རིང་ལུགས་ཀྱི་བསམ་ཚུལ་ཤུགས་ཆེ་རུ་འགྲོ་བཞིན་པ་དང་། དེ་སྔ་ཕྱི་ལོ་ ༡༩༩༠ གོ་གྲངས་ནས་བཟུང་འཛམ་གླིང་གནས་སྟངས་དེ་གུ་ཡངས་དང་རྒྱལ་སྤྱིའི་རང་བཞིན་ལྡན་པའི་ཐོག་ནས་འགྲོ་བཞིན་ཡོད་པ་མ་ཟད། དུས་སྐབས་དེའི་རིང་བོད་དོན་ཐོག་ལའང་རྒྱལ་སྤྱིའི་དོ་སྣང་དང་རོགས་རམ་ཤུགས་ཆེ་ཐོབ་ཡོད།
འོན་ཀྱང་ད་ཆ་རྒྱལ་སྤྱིའི་གནས་སྟངས་སྔར་དང་མི་འདྲ་བར་རྒྱལ་སྤྱི་དང་རྒྱལ་ཞེན་རིང་ལུགས་ཀྱི་བསམ་ཚུལ་དེ་གཉིས་དབར་འགལ་ཟླ་ཤུགས་ཆེ་རུ་འགྲོ་བཞིན་ཡོད་སྟབས། བོད་མིའི་འཐབ་རྩོད་དེ་ཡང་རྒྱལ་ཞེན་དང་འབྲེལ་ནས་ཡོད། དེའི་ཐོག་ནས་འགྲེལ་བརྗོད་བྱེད་ཡོང་སྐབས་རང་བཞིན་གྱི་གོ་ནོར་འཐེབ་ཉེན་དང་གོ་བ་ལོག་སྒྲུབ་ཡོང་རྒྱུའི་ཉེན་ཁ་ཧ་ཅང་ཡོད་པར་བརྟེན། གནས་སྟངས་འདི་འདྲ་ཞིག་གི་འོག་ནས་བོད་མི་ཚོས་རྒྱལ་སྤྱིའི་གནས་སྟངས་འགྱུར་བ་ཤུགས་ཆེར་འགྲོ་བཞིན་པའི་རྦ་རླབས་ཁྲོད་འཐབ་རྩོད་ཀྱི་ཁ་ལོ་ཇི་ལྟར་བསྒྱུར་དགོས་མིན་ཐད་དཀའ་ངལ་ཞིག་འཕྲད་བཞིན་ཡོད་སྐོར་གསུངས།
དེ་བཞིན་དཔལ་ལྡན་སྲིད་སྐྱོང་མཆོག་གིས་གཙོ་བོ་དཔལ་འབྱོར་ཡར་རྒྱས་ཤུགས་ཆེ་འགྲོ་བཞིན་པའི་གནས་སྟངས་འོག་ནས་དུས་རབས་ ༢༡ འདི་ཨེ་ཤི་ཡའི་དུས་རབས་ཤིག་ཡིན་པར་རློམ་བཞིན་ཡོད་ཀྱང་དུས་མཚུངས་གོ་མཚོན་གྱི་འགྲན་རྩོད་ཇེ་ཆེར་འགྲོ་བཞིན་པའི་གནས་སྟངས་འདི་དཀའ་ངལ་ཅན་ཞིག་ཡིན་པ་དང་། ལྷག་པར་ལྷོ་རྒྱ་ནག་རྒྱ་མཚོ་དང་ཤར་རྒྱ་ནག་རྒྱ་མཚོའི་གླིང་ཕྲན་གྱི་བདག་དབང་ཙམ་མ་ཟད། ཉེ་ལམ་རྒྱ་དཀར་ནག་གཉིས་དབར་འབྲོག་ལམ་ས་མཚམས་ཐོག་དཀའ་ངལ་འཕྲད་པ་སོགས་ལ་བརྟེན་ནས་གོ་མཚོན་གྱི་འགྲན་བསྡུར་ཇེ་ཆེར་འགྲོ་བཞིན་ཡོད་སྐོར་གསུངས།
བབ་ཅོལ་དུ་སྨྲ་བ་ཁག་གཅིག་གིས་འབྲོག་ལམ་རྙོག་གྲ་དེ་བོད་མི་བཙན་བྱོལ་བ་རྣམས་རྒྱ་གར་ནང་གནས་བཞིན་པ་དང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཨ་རུ་ནཱ་ཅལ་མངའ་སྡེའི་ནང་ཆིབས་སྒྱུར་བསྐྱངས་པར་བརྟེན་བྱུང་བ་ཞིག་ཡིན་སྐོར་བསམ་ཚུལ་དེ་དག་གཞི་རྟེན་གང་ཡང་མེད་སྐོར་གསལ་བཤད་གནང་བ་དང་སྦྲགས་སྲིད་སྐྱོང་མཆོག་གིས། རྒྱ་ནག་དམར་པོའི་སྲིད་གཞུང་གི་རྒྱ་སྐྱེད་རིང་ལུགས་ཀྱི་ལྟ་གྲུབ་ལ་བརྟེན་ནས་མ་འོངས་པར་ཨེ་ཤི་ཡའི་ནང་གོ་མཚོན་འགྲན་བསྡུར་ཡོང་རྒྱུ་ཙམ་མ་ཟད། རྒྱ་དཀར་ནག་གཉིས་དབར་ས་མཚམས་ཐོག་གདོང་ཐུག་བྱ་རྒྱུའི་དཀའ་ངལ་འཕྲད་རྒྱུ་ཡིན་པའི་ལུང་བསྟན་དེ་སྔ་མོ་ནས་བརྒྱབ་ཟིན་པ་ཞིག་རེད། ཅེས་གསལ་བཤད་གནང་།
དེ་བཞིན་སྲིད་སྐྱོང་མཆོག་གིས་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གིས་རྒྱལ་ནང་བརྟན་ལྷིང་ཡོང་བར་བོད་བརྟན་ལྷིང་དགོས་སྐོར་བཤད་པ་དེ་ལུང་འདྲེན་གནང་ནས་དེང་སྐབས་བོད་ནང་རྒྱལ་ཁབ་ཀྱི་བརྟན་ལྷིང་སྲུང་སྐྱོབ་ལ་སྙད་འདོགས་ནས་བོད་མིའི་ཐོག་དམ་བསྒྲགས་ཧ་ཅང་བྱེད་བཞིན་པ་ནི་བོད་མི་ཚོའི་ཉིན་ཞག་ཕྲུག་གཅིག་གི་འགྲོ་འདུག་སྤྱོད་གསུམ་ལ་སོ་ཉུལ་བྱེད་བཞིན་པ་མ་ཟད། ལུས་པོའི་སྟེང་འཕྲུལ་རྫས་རིགས་སྦྱར་ནས་ས་གནས་གང་དུ་འགྲོ་བཞིན་ཡོད་མེད་རྗེས་འདེད་གཏོང་བཞིན་ཡོད་སྐོར་དང་།
བོད་ཀྱི་གནད་དོན་འདི་ནི་བོད་མི་ས་ཡ་དྲུག་གི་གནད་དོན་ཙམ་ཞིག་མིན་པར་ཨེ་ཤི་ཡ་དང་འཛམ་གླིང་གི་གནས་སྟངས་དང་ཡང་འབྲེལ་བ་ཆགས་ཡོད་པ་ནི། དཔེར་ན་ས་བབ་གནས་སྟངས་ཐོག་ནས་བརྗོད་ནའང་འདྲ་ཁོར་ཡུག་གནས་སྟངས་ཐོག་ནས་ཀྱང་མཐོ་སྒང་བོད་ནི་ཨེ་ཤི་ཡའི་གཙང་པོ་ཆེ་ཁག་གི་འབྱུང་ཁུངས་ཡིན་ཞིང་།
དེ་བཞིན་ནང་ཆོས་དེའང་རྒྱ་ནག་གཞུང་གིས་ཆབ་སྲིད་དགོས་མཁོའི་ཆེད་རྒྱལ་སྤྱིའི་སྟེང་བེད་སྤྱོད་ཇི་འདྲ་གཏོང་བཞིན་པའི་སྐོར་གསུང་བ་དང་འབྲེལ་ནང་པ་སངས་རྒྱས་པའི་ཆོས་ཀྱི་འབྱུང་ཁུངས་རྒྱ་གར་འཕགས་པའི་ཡུལ་འདི་ཉིད་ཉག་གཅིག་ཡིན་སྟབས། རྒྱ་གར་གཞུང་གིས་རྒྱལ་སྤྱིའི་སྟེང་ནང་ཆོས་ཀྱི་འབྱུང་ཁུངས་ཨ་མ་རྒྱ་གར་ཡིན་པ་གསལ་འདོན་གནང་ཐབས་དགོས་པ་སྲིད་སྐྱོང་མཆོག་གིས་རེ་འདུན་ཤུགས་ཆེ་བཏོན་འདུག
དེ་བཞིན་དཔལ་ལྡན་སྲིད་སྐྱོང་མཆོག་གིས་དུས་རབས་ ༢༡ ནི་ཨེ་ཤི་ཡའི་དུས་རབས་རེད། ཅེས་བརྗོད་སྐབས་བོད་ཀྱི་གནས་སྟངས་འདི་གང་འདྲ་ཆགས་རྒྱུ་ཡིན་ནམ། ཞེས་དྲི་བ་ཞིག་ཡིན་སྐོར་དང་། བོད་ཀྱི་གནས་སྟངས་ལ་འགྱུར་བ་གང་བྱུང་བ་དེས་ཤུགས་རྐྱེན་ཇི་འདྲ་འཐེབ་མིན། དེ་བཞིན་ཨེ་ཤི་ཡ་དང་རྒྱལ་སྤྱིའི་སྡིངས་ཆའི་སྟེང་རྒྱ་ནག་སྟོབས་ཤུགས་ཇེ་ཆེར་འགྲོ་བཞིན་པའི་སྐབས་དང་བསྟུན་འཛམ་གླིང་སྟོབས་ཆེན་རྒྱལ་ཁབ་ཀྱི་གོ་གནས་ཐོབ་ཐབས་བྱེད་བཞིན་པའི་དུས་སྐབས་འདིར་ རྒྱ་ནག་གི་ཟ་འོག་དར་ལམ་གསར་པའི་སྲིད་བྱུས་འོག་ཁྱིམ་མཚེས་རྒྱལ་ཁབ་ཚོར་རྒྱ་ནག་དང་མཐུན་འབྲེལ་བྱེད་དང་མ་བྱེད་འདམ་ག་གཉིས་ལས་ལྷག་མེད། ཅེས་གསུངས།།