༢༠༡༧ ཟླ་ ༡༠ ཚེས་ ༡ རེས་གཟའ་ཉི་མ།
༄༅། །ཨ་རི་དང་ཡུ་རོབ་སྤྱི་མཐུན་ཚོགས་པ། སུད་སི་ལེན་ཌི། འཇར་མན་ནི། ཨིན་ཡུལ་བཅས་ཀྱི་སྐུ་ཚབ་འཐུས་མི་རྣམས་ནས་ཉེ་ལམ་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་ ༣༦ མཇུག་སྡོམ་སྐབས་རྒྱ་ནག་གཞུང་གིས་བོད་མིར་དམ་བསྒྲགས་བྱེད་བཞིན་པའི་སྲིད་བྱུས་ལ་སྐྱོན་བརྗོད་ཤུགས་ཆེ་གནང་འདུག
དེ་ཡང་འཇར་མན་སྐུ་ཚབ་མཆོག་གིས་བོད་དང་ཡུ་གུར་ནང་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་མེད་རྡོག་རོལ་གཏོང་བཞིན་པ་དང་། ལྷག་པར་གསེར་རྟ་བླ་རུང་སྒར་ལུང་འདྲེན་གནང་ནས་བོད་མིའི་ཆོས་དད་རང་དབང་ཐོག་དམ་བསྒྲགས་ཚོད་འཛིན་ཧ་ཅང་བྱེད་བཞིན་པ་གསལ་འདོན་གནང་བ་དང་སྦྲགས། བཀྲ་ཤིས་དབང་ཕྱུག་ལགས་མགྱོགས་མྱུར་གློད་བཀྲོལ་གཏོང་དགོས་པ་མ་ཟད། བོད་ནང་དུ་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་རྟོག་ཞིབ་ཚོགས་པའི་དམིགས་བསལ་སྐུ་ཚབ་འཐུས་མི་ཕེབས་འཇུག་དགོས་པའི་རེ་འདུན་ཡང་བཏོན་འདུག
ཕྱོགས་མཚུངས་ཨ་རིའི་སྐུ་ཚབ་མཆོག་གིས་ཀྱང་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་རྩོད་པ་མང་པོ་ཞིག་ལ་གཞུང་གིས་དམ་བསྒྲགས་དང་འཛིན་བཟུང་བཀག་ཉར་བྱས་དང་བྱེད་བཞིན་པ་མ་ཟད། ཡུ་གུར་ནང་དམག་ཁྲིམས་བསྡམས་པའི་གནས་སྟངས་ Martial law ལྟ་བུ་ཡོད་པ་དང་། བོད་རིགས་གནས་སྡོད་ཀྱི་ས་ཁུལ་ཁག་གཅིག་ནང་རྒྱ་ནག་གཞུང་གིས་དམ་བསྒྲགས་ཚོད་འཛིན་བྱེད་བཞིན་པ་བཅས་ལ་སྐྱོན་བརྗོད་ཤུགས་ཆེ་གནང་འདུག
དེ་བཞིན་ཡུ་རོབ་སྤྱི་མཐུན་ཚོགས་པའི་སྐུ་ཚབ་འཐུས་མི་ནས་བོད་མི་བཀྲ་ཤིས་དབང་ཕྱུག་ལགས་སོགས་འགྲོ་བ་མིའི་ཐོབ་ཐང་འཐབ་རྩོད་པ་རྣམས་མགྱོགས་མྱུར་གློད་བཀྲོལ་གཏང་དགོས་པའི་རེ་འདུན་ཤུགས་ཆེ་བཏོན་ཡོད་པ་བཅས།།