ཕྱི་ལོ་ ༢༠༡༧ ཟླ་ ༡༠ ཚེས་ ༢༧ རེས་གཟའ་པ་སངས།
༄༅། །འདི་གར་ཨོ་ཌི་ཤ་ཕུན་ཚོགས་གླིང་བོད་མིའི་ས་གནས་འགོ་འཛིན་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༧ ཟླ་ ༡༠ ཚེས་ ༢༥ རེས་གཟའ་ལྷག་པའི་ཉིན་ཨོ་ཌི་ཤ་ཕུན་ཚོགས་གླིང་བོད་མིའི་གཞིས་ཆགས་སུ་ཉེ་སྔོན་ཕྱི་ཟླ་ ༩ ཚེས་ ༧ ཉིན་ཡུ་རོབ་ཡུལ་གྲུ་སུད་སི་ནང་མེ་འཁོར་འབབ་ཚུགས་ཞིག་ཏུ་བཀྲ་ཤིས་རྣམ་རྒྱལ་ལགས་ཀྱིས་བོད་མི་རིགས་དང་རྩ་དོན་སླད་རང་སྲོག་བློས་བཏང་གནང་སྟེ་འདས་གྲོངས་སུ་གྱུར་ནས་ཞག་ཞེ་དགུ་འཁོར་བའི་མཆོད་འབུལ་སྨོན་ལམ་ཞིག་ཚོགས་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ ནས་ ༡༢ བར་དགོན་སྡེ་ཁག་གི་གྲྭ་བཙུན་དང་། ཚོགས་སྡེ་ཁག་གི་ཚོགས་གཙོ་དང་ཚོགས་མི། གཞན་ཡང་གནད་ཡོད་མི་སྣ་དང་གཞིས་གྲོང་ཁག་ལྔའི་མི་མང་བཅས་ལྷན་འཛོམས་ཀྱིས་སྨོན་ལམ་མཆོད་འབུལ་དང་མ་ཎི་གསོག་སྒྲུབ་ཞུས་ཡོད།
སྤྱིར་བཀྲ་ཤིས་རྣམ་རྒྱལ་ལགས་ཀྱིས་ཨིན་ཡིག་ཐོག་ཤོག་ལྷེ་གཉིས་ཅན་གྱི་ཁ་ཆེམས་ཤིག་བཞག་པའི་ནང་། ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་སྤྱི་དང་། ལྷག་པར་རྒྱ་ནག་གཞུང་གི་སྡུག་རྩུབ་ཅན་གྱི་སྲིད་བྱུས་ལ་བོད་མི་ཚོས་གཅིག་མཇུག་གཉིས་མཐུད་ཀྱིས་རང་ལུས་མེར་སྲེག་གཏོང་བཞིན་པའི་གནད་དོན་སོགས་བཀོད་ནས་མཉམ་འབྲེལ་རྒྱལ་ཚོགས་ནས་བོད་ནང་འགྲོ་བ་མིའི་ཐོབ་ཐང་མེད་པའི་གནད་དོན་ལ་དོ་སྣང་དང་འགན་འཁུར་བཞེས་དགོས་པའི་འབོད་སྐུལ་ཞུས་ཡོད།
བཀྲིས་རྣམ་རྒྱལ་ལགས་ནི། ཨོ་ཌི་ཤ་ཕུན་ཚོགས་གླིང་བོད་མིའི་གཞིས་ཆགས་ཀྱི་གཞིས་གྲོང་གཉིས་པའི་ནང་གནས་སྡོད་ཕ་རྡོ་རྗེ་ཚེ་བརྟན་ལགས་དང་མ་རིན་ཆེན་སྒྲོལ་མ་ལགས་གཉིས་ཀྱི་བུ་ཡིན་པ་བཅས།།