༢༠༡༧ ཟླ་ ༡༠ ཚེས་ ༢༣ རེས་གཟའ་ཟླ་བ།
༄༅། །རྒྱ་ནག་གཞུང་གིས་གསེར་རྟ་བླ་རུང་སྒར་གཏོར་བཤིག་བཏང་ནས་ལོ་གཅིག་སོང་རྗེས་ཨ་རིའི་ཟུང་སྐར་བསྟི་གནས་ཁང་ཨེ་པོ་ལོ་མེ་པིང་ Apollo Mapping ཞེས་པས་ཟུང་སྐར་ satellite བརྒྱུད་གསེར་རྟ་བླ་རུང་སྒར་གཏོར་བཤིག་བཏང་བའི་པར་རིས་ཁག་གཅིག་རྒྱལ་སྤྱིའི་སྤྱི་ཚོགས་སྟེངས་དྲིལ་བསྒྲགས་རྒྱ་ཆེ་བྱུང་འདུག
དེ་ཡང་བོད་མིའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཚོགས་པ་བོད་རང་དབང་ Free Tibet ཞེས་པ་དང་བོད་དོན་རྟོགས་ཞིབ་ Tibet Watch ཞེས་པའི་ཚོགས་པ་གཉིས་ཀྱིས་ཕྱི་ལོ་ ༢༠༡༧ ཟླ་ ༡༠ ཚེས་ ༡༩ ཉིན་ཐུན་མོང་ཐོག་ནས་གསེར་རྟ་བླ་རུང་སྒར་གཏོར་བཤིག་བཏང་བའི་སྐོར་ལ་སྙན་ཐོ། ལྷ་ཡུལ་གྱི་ཞིང་ས་བཅོམ་པ། རྒྱ་ནག་གཞུང་གིས་གསེར་རྟ་བླ་རུང་སྒར་གཏོར་བཤིག་གཏང་བའི་ལས་འགུལ། ཞེས་འགོ་བརྗོད་དུ་འཁོད་པའི་སྙན་ཐོ་ཞིག་འདོན་སྤེལ་དང་སྦྲགས། ཟུང་སྐར་ནས་བརྒྱབ་པའི་གསེར་རྟ་བླ་རུང་སྒར་གྱི་རྣམ་པ་མི་འདྲ་བ་གཉིས་ཀྱི་པར་ཞིག་ཀྱང་འདོན་སྤེལ་གནང་འདུག
པར་དེ་གཉིས་ལས་པར་གཅིག་ནི་དེ་སྔ་ཕྱི་ལོ་ ༢༠༡༦ ཕྱི་ཟླ་ ༡ ནང་བརྒྱབ་པ་ཞིག་ཡིན་ཞིང་། གཞན་དེ་ནི་ཕྱི་ལོ་ ༢༠༡༦ ཟླ་ ༤ ནང་བརྒྱབ་པ་ཞིག་ཡིན་འདུག སྤྱིར་པར་དེ་དག་ཨ་རིའི་ཟུང་སྐར་བསྟི་གནས་ཁང་ཨེ་པོ་ལོ་མེ་པིང་ Apollo Mapping ཞེས་པས་མཐུན་འགྱུར་རོགས་རམ་གནང་བ་ཞིག་ཡིན་འདུག
སྔ་ལོའི་ཕྱི་ཟླ་ ༦ ནང་རྒྱ་ནག་གཞུང་གིས་གསེར་རྟ་བླ་རུང་སྒར་དུ་བོད་བརྒྱུད་ནང་བསྟན་སློབ་གཉེར་གནང་བཞིན་པའི་དགེ་བཙུན་དང་མི་སྐྱ་ཕོ་མོ་སོགས་ཁྱོན་མི་གྲངས་ ༡༠༠༠༠ ཡོད་པར་ཚོད་དཔག་བྱེད་བཞིན་པ་དེ་ནས་གྲངས་ཚད་ཕྱེད་ཀ་ཉུང་འཕྲི་བྱེད་དགོས་པའི་བཀའ་རྒྱ་བཏང་ནས་ཟླ་བ་གཅིག་གི་རྗེས་སུ་ལག་བསྟར་བྱེད་འགོ་བཙུགས་ཡོད། དེར་བརྟེན་ལས་གཞི་དེས་རྐྱེན་པས་བླ་རུང་སྒར་ནས་གྲྭ་བཙུན་སོགས་ཉུང་མཐར་མི་གྲངས་ ༤༨༠༠ ཕྱིར་འབུད་བཏང་ཡོད་པ་མ་ཟད། དེ་དང་དོ་མཉམ་པའི་གྲྭ་ཤག་སོགས་ཀྱང་གཏོར་བཤིག་བཏང་ཡོད། དོ་བདག་ལ་གྲྭ་ཤག་སོགས་གཏོར་བཤིག་གཏོང་རྒྱུ་ཡིན་པའི་སྔོན་བརྡ་ཙམ་ཡང་བྱས་མེད་པ་མ་ཟད། གུན་གསབ་སོགས་གང་ཡང་སྤྲད་མིན་འདུག བླ་རུང་སྒར་གཏོར་བཤིག་བཏང་དང་གཏོང་བཞིན་པའི་གནས་སྟངས་འདིས་ང་ཚོར་སེམས་འཚབ་ཧ་ཅང་ཡོང་བཞིན་འདུག གྲྭ་བཙུན་རྣམས་བཙན་དབང་ཐོག་ནས་དགོན་པ་ནས་གནས་དབྱུང་གཏོང་བཞིན་ཡོད་སྟབས། བཙུན་མ་ཁག་གཅིག་སེམས་སྡུག་གིས་མནར་ནས་རང་ཤི་བརྒྱབ་ཡོད། རྒྱ་ནག་གཞུང་གིས་གསེར་རྟ་བླ་རུང་སྒར་གཏོར་བཤིག་གཏོང་བཞིན་པ་དེ་ནི་བོད་མི་ཚོར་རང་དབང་ཐོག་ནས་ཆོས་དད་བྱ་རྒྱུའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་བཏང་བ་ཞིག་ཆགས་ཡོད།
དེ་ཡང་ཕྱི་འབྲེལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས་ཀྱིས་གསུང་དོན། ང་ཚོས་རྒྱ་ནག་གཞུང་གིས་མགྱོགས་མྱུར་གསེར་རྟ་བླ་རུང་སྒར་དང་ཡ་ཆེན་སྒར་གཉིས་གཏོར་བཤིག་གཏོང་རྒྱུའི་ལས་གཞི་དེ་དག་འཕྲལ་མར་མཚམས་འཇོག་ཐོག་བོད་མི་ཚོར་ཆོས་དད་དང་གཞི་རྩའི་བོད་ཀྱི་སྲོལ་རྒྱུན་གྱི་རིག་གཞུང་རྒྱུན་འཛིན་བྱ་རྒྱུའི་ཐོབ་ཐང་རང་འཇགས་སྤྲད་རྒྱུ་ཡིན་པ་ང་ཚོས་རེ་བ་བྱེད་བཞིན་ཡོད།
སྤྱིར་འདི་ལོའི་ཕྱི་ཟླ་ ༢ ནང་ཕྱི་འབྲེལ་ལས་ཁུངས་ཀྱི་སྐུ་ཚབ་འཐུས་མི་ལྔས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་ ༣༤ ཐོག་ཚད་མཐོའི་ཞུ་གཏུག་གི་ལས་འགུལ་ཞིག་སྤེལ་ཡོད། སྐབས་དེར་རྒྱལ་ཚོགས་སུ་བདུན་ཕྲག་གཅིག་རིང་གི་བོད་དོན་ཞུ་གཏུག་ལས་འགུལ་སྤེལ་བ་དང་། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐོག་དོན་ཚན་བཞི་གཙོ་འདོན་བྱས་ནས་ཞུ་གཏུག་གནང་ཡོད། དོན་ཚན་བཞི་པོ་དེའི་ནང་གསེར་རྟ་བླ་རུང་སྒར་དང་ཡ་ཆེན་སྒར་གཏོར་བཤིག་བཏང་བའི་གནད་དོན་གསལ་འདོན་གནང་ཡོད།
ཞུ་གཏུག་ལས་འགུལ་སྤེལ་ནས་བདུན་ཕྲག་གཉིས་ཙམ་རྗེས་སུ་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཐོག་མཁས་ལས་མི་སྣ་ཁག་གཅིག་གིས་ཟུང་འབྲེལ་ཐོག་ནས་རྒྱ་ནག་གཞུང་ལ་ཞུ་ཡིག་གཅིག་ཕུལ་བ་བརྒྱུད་གསེར་རྟ་བླ་རུང་སྒར་དང་ཡ་ཆེན་སྒར་གཏོར་བཤིག་གཏོང་བཞིན་པའི་གནས་སྟངས་ཐད་སེམས་འཚབ་ཀྱི་རྣམ་པ་ཤུགས་ཆེ་བཏོན་པ་མ་ཟད། ལས་གཞི་དེ་དག་འཕྲལ་མར་མཚམས་འཇོག་དང་འབྲེལ་བྱ་སྤྱོད་ཐལ་སྐྱོན་མ་སོང་བ་ཞིག་གནང་ཐབས་དགོས་པའི་རེ་འདུན་ཤུགས་ཆེ་བཏོན་འདུག
ཕྱོགས་མཚུངས་ཕྱི་ལོ་ ༢༠༡༦ ཟླ་ ༡༢ ནང་ཡུ་རོབ་གྲོས་ཚོགས་ནང་གསེར་རྟ་བླ་རུང་སྒར་སྲུང་སྐྱོབ་ཆེད་ཛ་དྲག་གི་གྲོས་ཆོད་བཞག་པ་དང་། གྲོས་ཆོད་དོན་ཚན་བཞི་བཅུ་ཡོད་པ་ནས་དོན་ཚན་ ༣༡ ནང་བོད་ཀྱི་གསེར་རྟ་བླ་རུང་སྒར་གཏོར་བཤིག་བཏང་བའི་སྐོར་འཁོད་པ་མ་ཟད། རྒྱ་ནག་གཞུང་གི་ལས་གཞི་དེ་དག་འཕྲལ་མར་མཚམས་འཇོག་དགོས་པའི་རེ་འདུན་ཡང་ཤུགས་ཆེ་བཏོན་ཡོད།
དེ་ཡང་རྒྱ་ནག་གཞུང་གིས་བཤད་དོན་ལྟར་ན། གཏོར་བཤིག་དེ་དག་མེ་སྐྱོན་སྔོན་འགོག་དང་ས་ཆ་གུ་ཡངས་སུ་གཏོང་ཆེད་ཡིན་ཚུལ་བརྗོད་ཀྱང་དོན་དངོས་བོད་མི་ཚོས་བརྗོད་པ་ལྟར་ན། དེ་ནི་གཙོ་བོ་ཡུལ་སྐོར་སྤྲོ་འཆམ་བྱེད་མཁན་ཚོར་ཁོར་ཡུག་བཟང་དུ་གཏོང་ཆེད་ཡིན་པ་དང་། འདི་ལོའི་ཕྱི་ཟླ་ ༥ ནང་ས་གནས་ཡུལ་སྐོར་སྤྲོ་འཆམ་ལས་ཁུངས་ཀྱིས་གསལ་བསྒྲགས་སྤེལ་བ་ལྟར་ན། འཕྲལ་སེལ་རིང་བླ་རུང་སྒར་དུ་ཉིན་གཅིག་ནང་ཡུལ་སྐོར་སྤྲོ་འཆམ་པ་མི་གྲངས་ ༡༠༠༠ ལས་ལྷག་གཏང་རྒྱུ་མིན་པ་རེད་འདུག
དེར་བརྟེན་རྒྱ་ནག་གཞུང་གིས་གསེར་རྟ་བླ་རུང་སྒར་ལ་དམ་བསྒྲགས་བྱེད་དགོས་དོན་གཙོ་བོ་ནི་གསེར་རྟ་བླ་རུང་སྒར་དེ་ཉིད་བོད་བརྒྱུད་ནང་བསྟན་གྱི་སློབ་གཉེར་གནང་ཡུལ་བསྟི་གནས་ཁང་ཧ་ཅང་གྲགས་ཆེ་རུ་འགྲོ་བཞིན་པར་བརྟེན་ཡུལ་སྐོར་སྤྲོ་འཆམ་པ་ཧ་ཅང་མང་པོས་དོ་སྣང་བྱ་ཡུལ་ཞིག་ཏུ་གྱུར་ཡོད་པ་དང་། དེར་བརྟེན་སྡོད་ཁང་ཙམ་མ་ཟད། སྲང་ལམ་དང་སྐས་འཛེགས་སོགས་ཀྱང་ཆེ་རུ་གཏོང་དགོས་པའི་གནས་སྟངས་ཙམ་མ་ཟད། དམའ་ས་ནས་ཡོང་མཁན་ཡུལ་སྐོར་སྤྲོ་འཆམ་པ་ཚོར་ཁ་རླུང་མ་འདང་བའི་དཀའ་ངལ་སེལ་སླད་ཁ་རླུང་ནུས་ཤུགས་འཕྲུལ་ཆས་ཀྱི་མཐུན་རྐྱེན་སོགས་ཀྱང་ཡོད་འདུག
གོང་གི་སྙན་ཐོ་དེ་ལྟར་ན་རྒྱ་ནག་གཞུང་གིས་གསེར་རྟ་བླ་རུང་སྒར་ལ་དམ་བསྒྲགས་ཤུགས་ཆེ་བྱེད་དགོས་དོན་གཙོ་བོ་ནི་བོད་བརྒྱུད་ནང་བསྟན་གྱི་འཇམ་པོའི་སྟོསབ་ཤུགས་ཇེ་ཆེར་འགྲོ་བཞིན་པ་དེར་གདོང་ལེན་བྱེད་ཆེད་ཡིན་འདུག་པ་བཅས།།